国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月30日

ཆབ་མདོ་གྲོང་ཁྱེར་གྱི“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ཀ་དུས་མཉམ་དུ་འབྲི་བ”དང“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ཀའི་སློབ་ཚན”གྱིས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་བཏོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཐང་ག་ནི་གངས་ལྗོངས་ས་མཐོའི་ལོ་ངོ་སྟོང་གི་ལོ་ཟླའི་ཆགས་འཇིག་བརྒྱུད་པ་དང་། ནང་དོན་སྣ་མང་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་རི་མོའི་བྲིས་རྩལ་ཞིག་ཡིན་པས། བོད་རིགས་མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཐད་ཀར་མངོན་པ་མ་ཟད། གཏིང་ཟབ་པའི་ལོ་རྒྱུས་དང་རིག་གནས་ཀྱང་འདུས་ཡོད། ཟླ9པའི་ཚེས28ཉིན། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་དང་། ཁ་རུབ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གཉེར་འགན་འཁུར་བའི“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ག་དུས་མཉམ་དུ་འབྲི་བ”དང“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་སློབ་ཚན”གྱི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་འགྲན་སློང་བྱེད་སྒོ་ཅིན་ཆབ་ལུས་རྩལ་རིག་གནས་ལྟེ་གནས་སུ་བདེ་བླག་ངང་འཚོགས། གྲོང་ཁྱེར་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ལྷ་རིས་པ་མཁས་ཅན་སྟོང་ཕྲག་མཉམ་དུ་འཛོམས་ནས་སློབ་དཔོན་ཆེན་པོའི་མཛུབ་སྟོན་ཉན་པ་དང་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འབྲི་བ་ལས“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ག་དུས་མཉམ་དུ་འབྲི་བ”དང“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་སློབ་ཚན”གྱིས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད།

སྔ་དྲོའི་ཆུ་ཚོད9ཙམ་ལ། ལོ93ལ་སླེབས་པའི་ཆབ་མདོ་གྲོང་ཁྱེར་ཀརྨ་སྒར་བྲིས་ལུགས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་སྐར་མ་བདེ་ལེགས་ཀྱིས་ཐང་ག་འབྲི་བའི་ལག་རྩལ་དངོས་སུ་སློབ་ཁྲིད་བྱེད་འགོ་བཙུགས་ཡོད། སློབ་ཁྲིད་བྱེད་སྐབས་ཁོང་གིས་ལོ་མང་རིང་ཐང་ག་འབྲི་བའི་ཉམས་མྱོང་དང་མྱོང་ཚོར་སྦ་གསང་སྤུ་ཙམ་ཡང་མེད་པར་མཉམ་སྤྱོད་བྱས་ནས་ཐང་ག་རྒྱུན་འཛིན་བྱེད་འདོད་ཡོད་མཁན་དག་གི་བློ་སྒོ་ཕྱེ་ཡོད། སློབ་ཁྲིད་མཇུག་སྒྲིལ་རྗེས། བོད་ལྭ་གྱོན་པའི་ལྷ་རིས་པ་མཁས་ཅན་སྟོང་ཕྲག་གིས་དཀྱིལ་ཀྲུང་དུ་བསྡད་ནས། བློ་རྩེ་གཅིག་སྒྲིམ་གྱིས་ཐང་ག་འབྲི་བཞེངས་བྱས། ཆུ་ཚོད13དང་སྐར་མ30ཙམ་ལ། འགྲན་བསྡུར་ལ་ཞུགས་མཁན་ལྷ་རིས་པ་མཁས་ཅན་ཚོས་གཅིག་རྗེས་གཉིས་མཐུད་ངང་གསར་རྩོམ་ལེགས་གྲུབ་བྱས་ཏེ། ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་གཞུང་ཕྱོགས་ལས་དོན་པའི་བསྐྱར་ཞིབ་དང་ལེན་བསྒུགས་བསྡད་ཡོད། ཆུ་ཚོད14དང་སྐར་མ30ཙམ་ལ། ལྟད་མོ་བ་ཡོངས་ཀྱི་བདེན་དཔང་དང་རེ་སྒུག་ཁྲོད། ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་གཞུང་ཕྱོགས་ཀྱི་བདེན་དཔང་དཔོན་ཞུང་ཝུན་དང་ཨ་ནོ་ཁིས་གཟབ་ནན་ངང་ཁྱབ་བསྒྲགས་བྱས་པ་སྟེ། “2025ལོའི་ཟླ9པའི་ཚེས28ཉིན། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་སྒྲིག་འཛུགས་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་སློབ་ཚན་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ག་དུས་མཉམ་དུ་འབྲི་བའི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་གཞུང་ཕྱོགས་ཀྱི་འགྲན་སློང་ཁྲོད། ཞུགས་མཁན་མི་གྲངས1138ཟིན་གྱི་ཡོད་པས། དམིགས་ཚད་ལས་བརྒལ་ནས་འགྲན་སློང་ལེགས་གྲུབ་བྱུང་ཡོད། དེ་ནི་བོད་ལྗོངས་ཆབ་མདོའི་གཟི་བརྗིད་ཡིན་པ་མ་ཟད། ལྷ་རིས་པ་དང་ལས་དོན་པ་ཚང་མས་ཐུན་མོང་ཐོག་གསར་གཏོད་བྱས་པའི་གཟི་བརྗིད་ཀྱང་ཡིན་པས། འཛམ་གླིང་ལ་ཀྲུང་གོའི་སྟོབས་ཤུགས་དང་ཐང་གའི་སྒྱུ་རྩལ་གྱི་ངོ་མཚར་མངོན་པར་བྱས་ཡོད”ཅེས་བཤད། དེ་རྗེས། ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་གཞུང་ཕྱོགས་ཀྱིས་འགྲན་སློང་བྱེད་སྒོར་ཞུགས་པའི་ཆབ་མདོ་གྲོང་ཁྱེར་ཐང་གའི་འབྲི་ལུགས་མི་འདྲ་བའི་འཐུས་མིར“ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་བཏོད་མཁན”གྱི་ལག་ཁྱེར་སྤྲད་པ་དང་། འཛམ་གླིང་གི་ཟིན་ཐོ་གསར་པར་མི1138ཡོད་པ་དང་དེ་སྔའི་འཛམ་གླིང་གི་ཟིན་ཐོ1005ལས་བདེ་བླག་ངང་ཐོད་བརྒལ་བྱུང་བ་དང་ཆབས་ཅིག་ད་དུང“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་སློབ་ཚན”གྱི་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ཡོད། བྱེད་སྒོ་སྤེལ་རིང་འགྲན་རར་ད་དུང“ཐང་ག་སྤུས་ལེགས་འགྲེམས་སྟོན་ཁུལ”“ཀརྨ་ཤང་གི་ལྕགས་རིགས་བཟོ་སྐྲུན་ལག་རྩལ”“མི་རིགས་གྱོན་ཆས་བཟོ་སྐྲུན་ལག་རྩལ”“བོད་རིགས་ཀྱི་རྫ་བཟོའི་ལག་རྩལ”སོགས་འགྲེམས་སྟོན་ཁུལ་བཙུགས་ནས་ཆབ་མདོ་གྲོང་ཁྱེར་གྱི་ཐང་གའི་ལུགས་ཁག་གི་ཐང་ག་སྤུས་ལེགས་དང་ཁ་རུབ་ཆུས་ཀྱི་གཙོ་གནད་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འགྲེམས་སྟོན་བྱས་ཏེ། ཆབ་མདོའི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་ཁྲིད་བྱས་ཡོད།