国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月30日

ཉམས་ཞན་ནས་དར་རྒྱས་བར་གྱི་དུས་རབས་ཀྱི་འགྱུར་ལྡོག་ཆེན་པོ།

—— ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

བོད་ཤར་གྱི་མུ་ཏིག་ཅེས་གྲགས་པའི་ཆབ་མདོ་གྲོང་ཁྱེར་དུ། དེང་རབས་ཅན་གྱི་ཐོན་ལས་གྲོང་གསར་ཞིག་དར་འཕེལ་འགྲོ་བཞིན་ཡོད་པ་སྟེ། དེ་ནི་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་རེད། ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“སྒུལ་ཤུགས་གཙོ་བོ”དང་། ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བ་དང་ཡུལ་སྐོར་བ་འགུག་པའི“རྒྱ་སྒོ་གཙོ་བོ” དངོས་ལས་གྲོང་དར་དང་གྲོང་ཁུལ་དཔལ་འབྱོར་ཡར་སྐུལ་གྱི“གཡུལ་ས་གཙོ་བོ”བཅས་ཡིན་པའི་ངོས་ནས། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་ལ་དཔེ་རིས་འཆར་འགོད་ནས་གཞི་ཁྱོན་རགས་ཙམ་ཆགས་པའི་བར་དང་། གྲོང་འདབས་ཀྱི་ས་རྒོད་ནས་དེང་རབས་ཀྱི་གྲོང་གསར་བར། ཐོན་ལས་ཉམས་ཞན་ནས་རུབ་འདུས་རགས་ཙམ་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།

ཐོན་ལས་ཉམས་ཞན་ནས་ས་མཐོའི་དཔལ་འབྱོར་གྱི་མཐོ་ས་གསར་པའི་བར།

ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ“ཐོན་ལས་ཉམས་ཞན”གྱི་ཡུལ་ལུང་ཞིག་ནས་ཇི་ལྟར་དར་རྒྱས་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་ཏང་ལ་ལྷག་བསམ་ཟོལ་མེད་དང་དངོས་སྒྲུབ་འགན་འཁུར་བྱས་པ་ལས་བྱུང་བ་རེད། 2012ལོའི་ཟླ་12པར། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་ཆབ་མདོའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཆབ་མདོའི་ཁུལ་གསར་དང་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་བཏོན་ཞིང་། འཛུགས་སྐྲུན་པ་མི་རབས་ནས་མི་རབས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ཏེ་གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་བརྟན་སྲུང་ཁྲོད་བགྲོད་ལམ་གསར་པ་བཏོད་ནས་གངས་ལྗོངས་ཡང་རྩེར་ཐོན་ལས་དར་བ་དང་། མི་མང་འཛོམས་པ། སྒུལ་ནུས་ཆེ་བ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྡོ་རིང་ཞིག་བསླངས་པ་རེད།

ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་བོད་ཤར་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་གྱི་གོ་སྐབས་དམ་འཛིན་ཏན་ཏིག་བྱས་ནས་ཐོན་ལས་འཁོར་འབྲེལ་འཛུགས་པ་དང་ཚོ་འདུས་སྐྱེད་སྲིང་ལ་དམིགས་ཏེ། ཤར་ཕྱོགས་གློག་ལས་ཀྱི་ས་བབ་མཐོ་བའི་རླུང་གློག་ཐོན་ལས་རྟེན་གཞི་དང་ཀྲུང་གོ་ཆུ་གློག་ཅུས་བཞི་པའི་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི་སོགས་རྣམ་གྲངས་གལ་ཆེན་བདེ་བླག་ངང་ནང་འདྲེན་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་གསོན་ཤུགས་ཆེ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཐོན་ལས་འཁོར་འབྲེལ་ཆ་ཚང་ཤོས། ལེ་ལག་རང་བཞིན་འཐུས་ཚང་ཤོས་བཅས་ཀྱི“བོད་ཤར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་གླིང”ཡང་ཧུར་ཐག་བསྐྲུན་པར། གྲོས་མཐུན་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་6ལས་བརྒལ་ཞིང་། སྔོན་དཔག་ལྟར་ན་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་33ཟིན་རྒྱུ་དང་མི་400ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱ་རྒྱུ་རེད། ས་མཐོའི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་ཐོན་ལས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་3ཟིན་ནས་བཟའ་བཏུང་ཐོན་རྫས་དང་དེ་བཞིན་ལས་སྣོན་ཁེ་ལས་7བཅའ་སྡོད་བྱ་རྒྱུའི་ཡིད་དབང་བཀུག་ཡོད།

རྒྱུ་རྐྱེན་གཙོ་བོ་རུབ་འདུས་ནས་ས་མཐོའི་རིག་སྐྲུན་གྱི་སྒུལ་ཤུགས་གསར་པའི་བར།

“ཁེ་ལས་ལ་དགོས་མཁོ་ཡོད་ན། སྲིད་གཞུང་གིས་སྒྲུབ་འགན་འཁུར”བའི་བླང་བྱ་ལྟར། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས“1+1+1”གི་ཞབས་ཞུའི་ལམ་སྲོལ་གསར་གཏོད་བྱས་ནས་བཏོན་པ་སྟེ། ཁེ་ལས་གཅིག(རྣམ་གྲངས)དང་། འགོ་ཁྲིད་གཅིག འབྲེལ་གཏུག་པ་གཅིག་བཅས་ཀྱིས་ཁེ་ལས་ཀྱི་རེ་བ་དང་འབྲེལ་མཐུད་གནད་སྨིན་བྱས་པ་དང་། “ཁེ་ལས་མཁས་ཅན་གྱི་ཁྱིམ་གཞིས”ཞེས་པའི་སྲིད་གཞུང་དང་ཁེ་ལས་སྤེལ་རེས་ཀྱི་ལས་སྟེགས་ལ་བརྟེན་ནས་ཁེ་ལས་ལ་དཀའ་གནད་སེལ་རོགས་དང་འགག་གནད་བཤང་རོགས་བྱས་པ། སྲིད་གཞུང་གི་འབྲེལ་མཐུད་ནུས་པ་ཏན་ཏིག་བཏོན་ནས་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་དང་དེ་བཞིན་དངུལ་རྩའི་སྒྲིག་གཞི་ཆེ་གྲས་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། གླིང་ཁུལ་གྱི་ཁེ་ལས་ལ“གླིང་ཁུལeདངུལ་བུན”དང་དངུལ་བུན་གཞན་དག་སྒོར་དུང་ཕྱུར་31བདེ་བླག་ངང་བཏང་ནས་ཁེ་ལས་འཕེལ་རྒྱས་ལ་འཕྲད་པའི་མ་དངུལ་གྱི་དཀའ་ངལ་གཅོད་ནུས་ལྡན་བྱས་པས། དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་སྟེ། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཚོང་དུད་བདེ་འཁོད་དང་། ཚོང་དུད་ལ་འབྲེལ་འདྲིས། ཚོང་དུད་ཕྱུག་གཏོང་བཅས་ནི་གསོན་ཉམས་ལྡན་པའི་དོན་དངོས་སུ་གྱུར་ཡོད།

2020ལོའི་ཟླ་12པར། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དེ་ཉིད་རྒྱལ་ཁབ་ཀྱི“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་གསར་གཏོད་དཔེ་སྟོན་རྟེན་གཞི”ཁག་གསུམ་པར་བདེ་བླག་ངང་བདམས་ཡོད། མིག་སྔའི་བར་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཁྱོན་རྒྱལ་ཁབ་རིམ་པའི་གཉིས་གཏོད་ལས་སྟེགས་2དང་རང་སྐྱོང་ལྗོངས་རིམ་པའི་གཉིས་གཏོད་ལས་སྟེགས་5ཡོད་པ་དང་། ལས་གཏོད་སློབ་དཔོན་80ལྷག་ཙམ་དང་སྐྱོང་གསོ་ལྟེ་གནས་ལ་ཞུགས་པའི་ཁེ་ལས་དང་ཚོགས་པ་300ལྷག་ཙམ་ཡོད། རིམ་རྩིས་བརྒྱབ་ན་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་42སྐྱེད་སྲིང་བྱས་པ་དང་། ཁེ་ལས་ཀྱི་ཁེ་བེད་བདག་ཐོབ་178ཡོད་ལ། འོས་ཐོབ་ལྡན་པའི་རིགས་བཞིའི་ཁེ་ལས་10ཡོད་པ་ལས་རིམ་རྩིས་བརྒྱབ་ན་ཚན་རྩལ་གསར་གཏོད་བྱ་དགའི་དངུལ་སྒོར་ཁྲི་508.5ཐོབ་ཡོད། གླིང་ཁུལ་དུ་ད་དུང་ཚན་ཞིབ་ལྟེ་གནས་དང་ཚོད་ལྟ་ཁང་5འདུས་ཡོད་པ་དེ་ཞིང་ལས་ཚན་ཞིབ་དང་། ཁོར་ཡུག་སྲུང་སྐྱོང་། ཁྱད་ལྡན་སོན་སྤུས་ཐོན་ཁུངས་གསར་སྤེལ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད།

སྲོལ་རྒྱུན་སྐྱེལ་འདྲེན་ནས་བློ་རིག་ཚོང་དོན་བར་གྱི་འཕར་རྩ་གསར་པ།

ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་དང་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ཚན་པ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཅིང་ཏུང་ཚོགས་པ་དང་མཉམ་ལས་ཀྱི་འདོད་མཐུན་བཞག་པ་དང་། ཅིང་ཏུང་ཟོག་འགྲེམས་ཀྱི་སྔོན་ཐོན་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་ནང་འདྲེན་བྱས་ཏེ་གྲང་ཕྲེང་དང་། མཛོད་འཇུག སྡེབ་སྐྱེལ་བཅས་ཀྱི་ནུས་ཕྱོད་ཆེ་བའི་མ་ལག་ཐུན་མོང་ཐོག་བཙུགས་པ་དང་། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱི་ས་ཁོངས་རང་བཞིན་གྱི་མཁོ་སྤྲོད་འཁོར་འབྲེལ་གྱི་ལས་སྟེགས་བཏོད་ནས་དེ་བས་སྟབས་བདེ་དང་ལས་ཕྱོད་ཆེ་བའི་མཁོ་སྤྲོད་འཁོར་འབྲེལ་གྱི་ཞབས་ཞུ་མངོན་འགྱུར་བྱས་ཤིང་། ཅིང་ཏུང་དྲ་ཐོག་ཚོང་དོན་ལས་སྟེགས་ལ་བརྟེན་ནས་གྲངས་འཛིན་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། “ཅིང་ཏུང་ཆབ་མདོའི་ཁྱད་ལྡན་ཐོན་རྫས་ཁང”བཙུགས་ནས་ཆབ་མདོའི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་ཕྱིར་ཚོང་ཐབས་ལམ་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་བཏང་སྟེ།“བོད་ཀྱི་ཐོན་རྫས་བོད་ནས་གཏོང་རྒྱུར”རམ་འདེགས་ཀྱིས་བོད་ཤར་དང་ཐ་ན་དེ་བས་ཆེ་བའི་ཁྱབ་ཁོངས་ཀྱི་ཐོན་རྫས་ལ་བརྟན་ཞིང་ལས་ཕྱོད་ཆེ་བའི་ཟོག་འགྲེམས་བགྲོད་ལམ་དང་འོས་སྦྱོར་ལས་སྟེགས་བཏོད་དེ། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།