国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月26日

ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། ཁོང་གིས་ལོ་ངོ་70རིང་གི་ཤིན་ཅང་གི་འགྱུར་ལྡོག་ཧ་ཅང་ཆེན་པོ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། རང་རེའི་ཏང་གིས་གཏན་འཁེལ་གནང་བའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ནི་ཚན་རིག་དང་མཐུན་ལ་ཕན་ནུས་ལྡན་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་དོན་དངོས་གསར་པ་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་སོགས་ཝུའུ་ལུའུ་མུའུ་ཆི་རིག་གནས་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་གི་འགྲེམས་ཁང་དུ་ཕེབས་ནས་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།

འགྲེམས་སྟོན་ཐོག“ས་ཕྱོགས་ཀུན་ནས་རྣམ་པ་གསར་པར་བསྟོད་གླུ་འབུལ”དང་། “སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཐེན་ཧྲན་འཆར་འགོད་བྱེད” “མཛེས་པའི་ཤིན་ཅང་གིས་འོད་ཟེར་སྟོང་ལྡན་གཏོད”བཅས་ནང་དོན་ཁག་གསུམ་བརྒྱུད་ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་ས་གནས་ཁག་གི་རོགས་སྐྱོར་ཤུགས་ཆེན་འོག ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་བརྩོན། སྙིང་རུས་ཆེར་སྐྱེད་བཅས་བྱས་པ་ལས་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཡོངས་སུ་མངོན་པར་བྱས་ཡོད།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་སྐབས་ཀྱི་ལོ་རྒྱུས་བརྙན་ཐུང་དང་། ཟླ་བཅུ་པར་འདྲུད་འཐེན་འཕྲུལ་འཁོར་བཟོ་གྲྭས་ཐོན་སྐྱེད་བྱས་པའི་འདྲུད་འཐེན་འཕྲུལ་འཁོར་ཁག་དང་པོ། ཐེན་ཧྲན་བརྒྱ་ཟོག་ཐོག་ཁང་གི་བཀོད་པ་སླར་གསོ་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་གསར་རྙིང་བསྡུར་བའི་པར་རིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་སློབ་གསོའི་འགྲེམས་པང་། རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བའི་འགག་སྒོ་ཁྱབ་ཚུལ་རི་མོ་སོགས་ཀྱི་འགྲེལ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་ཕེབས་མཚམས་ཡང་ཡང་བཞག་ནས་གཟིགས་ཞིབ་གནང་བ་མ་ཟད། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཤིན་ཅང་གི་ལོ་ངོ་70ཡི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་དྲང་ནུས་ཀྱིས་ཁེངས་པ་དང་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་འདུག འགྲེམས་སྟོན་ལ་ལྟ་སྐོར་གྱི་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་གསར་རྙིང་བསྡུར་བ་བརྒྱུད། གསོན་ཉམས་དོད་པའི་དོན་དངོས་ལས་མི་སེམས་སྔར་བས་གཅིག་དུ་སྒྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་སྐུལ་ལྕག་བྱས་ཏེ། ཐུན་མོང་འབྱོར་ཕྱུག་གི་བགྲོད་ལམ་ཐོག་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་པ་རེད།

ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། ཧྲེན་དབྱི་ཆིན། ཝང་ཏུང་ཧྥུང་། ལིའུ་ཀྲེན་ལི་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས་སོགས་ཀྱིས་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།