国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月26日

ཞི་ཅིན་ཕིང་ཝུའུ་ལུའུ་མུའུ་ཆི་རུ་ཕེབས་འབྱོར་ཟིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཆེད་གཏོང་གནམ་གྲུར་བཞུགས་ནས་ཝུའུ་ལུའུ་མུའུ་ཆི་རུ་ཕེབས་འབྱོར་ཟིན་པ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་ཡིན་ཞིང་། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཤིན་ཅང་དུ་ཕེབས་ནས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་པའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་ཡིན་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་། དེ་ཐོག་ནས་ཏང་ཀྲུང་དབྱང་གིས་ཤིན་ཅང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ཀྱང་གང་ལེགས་མཚོན་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་གནམ་གྲུ་གཅིག་ནང་ལྷན་དུ་ཕེབས་པ་རེད།

སྟོན་ཟླ་ར་བའི་དུས་ཀྱི་ཤིན་ཅང་ས་གཞི་ཆེན་པོའི་གང་སར་ལོ་ལེགས་ཀྱི་སྤྲོ་བས་ཁེངས་ཤིང་། ཝུའུ་ལུའུ་མུའུ་ཆིའི་ཐེན་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་རྔ་དང་རོལ་ཆའི་སྒྲ་གྲཌ་བཞིན་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། ཆུ་ཚོད་14དང་སྐར་མ་20ཙམ་ལ། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཐེན་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་དལ་གྱིས་བབས་པ་དང་། གནམ་ཐང་དུ་ཕེབས་སྒུག་ཞུ་བཞིན་པའི་ཤིན་ཅང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གནམ་གྲུ་ནས་འབབ་གནང་གིན་ཕེབས་བསུར་བཅར་བའི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་རེད།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཞའོ་ཅང་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཨེར་ཁེན·ཐུའུ་ཉི་ཡ་ཙི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཙུའུ་མུའུ་རེ་ཐི·ཝུའུ་པུའུ་ལི། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ནུར་ལན·ཨཱ་པུའུ་ཏུའུ་མན་ཅིན། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཀྱི་ཆབ་སྲིད་ཨུ་ཡོན་ཧོ་ཀྲུང་ཡིའུ་སོགས་ཀྱིས་གནམ་གྲུའི་སྐས་ཀའི་གཤམ་ནས་ཕེབས་བསུ་ཞུས་པ་རེད། ཞི་ཅིན་ཕིང་གནམ་གྲུའི་སྐས་ཀ་ནས་བབས་གནང་རྗེས། ལོ་ཆུང་གདོང་ལེན་རུ་མིས་མེ་ཏོག་སོས་པ་ཕུལ་བ་རེད། མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མིས་ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་ལེན་གར་འཁྲབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པར་དགའ་བསུ་ཞུས་པ་དང་སྤྱི་ཁྱབ་ཧྲུའུ་ཅིར་སྙིང་དབུས་ནས་སྨོན་འདུན་ཞུས་པ་རེད།

ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་དུས་ཆེན་གྱི་དགའ་སྟོན་རྣམ་པས་ཡོངས་སུ་ཁེངས་ཤིང་། གནམ་ཐང་ནས་བཞུགས་གནས་བར་གྱི་ཁྲོམ་གཞུང་གཙོ་བོའི་གཞོགས་གཉིས་སུ་མེ་ཏོག་འདབ་བརྒྱ་རྣམ་པར་བཀྲ་བ་དང་ཚོན་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་ལག་ཏུ་དར་དམར་བཟུང་སྟེ་མགྲིན་གཅིག་ཏུ་དགའ་འབོད་བྱས་ནས་དགའ་བསུ་ཞུ་སེམས་དང་བཀའ་དྲིན་ཚོར་སེམས་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ལམ་རྒྱུད་ཀྱི་མང་ཚོགས་ལ་ཕྱག་གཡུག་གཡུག་ཡང་ཡང་གནང་སྟེ་བྱམས་བརྩེའི་གུས་ལན་གནང་བ་རེད།

ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་བཞེས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཏུང་ཧྥུང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལིའུ་ཀྲེན་ལི། མཛད་སྒོར་ཕེབས་རོགས་ཞུ་མཁན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཝང་ཞའོ་ཧུང་སོགས་གནམ་གྲུ་གཅིག་ནང་ལྷན་དུ་ཕེབས་པ་རེད།

ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་མཉམ་དུ་ཕེབས་འབྱོར་ཟིན་ཞིང་། ཁོངས་མིའི་གྲས་སུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། དམག་དཔུང་གི་འབྲེལ་ཡོད་ཚན་པ། ནང་སོག་དང་། ཀོང་ཤིས། བོད་ལྗོངས། ཉིང་ཞ་བཅས་རང་སྐྱོང་ལྗོངས་བཞི་དང་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་སོགས་ཡོད་པ་རེད།