འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས24ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་ནས་ནུས་རྒྱུའི་བདེ་འཇགས་འཐབ་ཇུས་གསར་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། གྲུབ་འབྲས་ཕྱོགས་བསྡོམས་དང་། གནད་དོན་དབྱེ་ཞིབ་བཅས་བྱས་ཏེ། ཆབ་མདོའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་བ་རེད།
ཚོགས་འདུའི་ཐོག་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་ཚུལ་དང་། 《ཆབ་མདོ་གྲོང་ཁྱེར་གྱི་ཐོན་ལས་ཚན་རྩལ་གསར་གཏོད་གྲོང་ཁྱེར་དོན་སྤྱི་འཆར་འགོད་ཇུས་གཞིའི》སྒྲིག་གཞི་གནས་ཚུལ། 《ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》འཆར་ཟིན་བཀོད་པའི་གནས་ཚུལ་སྙན་སེང་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་གཞིར་གསན་པ་རེད།