འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས23ཉིན།2025ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བོད་ལྗོངས་ཀྱི་ཚོགས་ར་གཙོ་བོའི་རྟེན་འབྲེལ་བྱ་འགུལ་དེ་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་དུ་འཚོགས་པ་རེད།ཆབ་མདོ་གྲོང་ཁྱེར་གྱི་རོང་འབྲོག་པའི་དམངས་ཁྲོད་འཁྲབ་སྟོན་རུ་ཁག་གིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གླུ་དང་ཞབས་བྲོའི་གསོལ་སྟོན་གཟབ་རྒྱས་བཤམས་ཡོད་ཅིང་།སྤྲོ་སྣང་ལྡན་པའི་ཞབས་བྲོའི་སྟངས་སྟབས་ལས་ལོ་ལེགས་བྱུང་བའི་དགའ་སྤྲོ་མངོན་པ་དང་། སྐད་གསང་མཐོན་པོའི་གླུ་སྐད་ལས་དྲིན་ཚོར་བའི་སེམས་གཏིང་གི་སྐད་ཆ་བརྒྱུད་སྤྲོད་བྱས་ཏེ།དུས་རབས་གསར་པའི་བོད་ལྗོངས་ཀྱི་རོང་འབྲོག་པའི་དཔའ་ངར་ཆེ་སྐྱེད་སྒོས་ཡར་ཐོན་གྱི་སྙིང་སྟོབས་དང་གངས་ལྗོངས་ས་གཞི་ཆེན་མོའི་བརྩེ་བ་ཟབ་མོ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་རེད།
ལྗོངས་ཡོངས་ཀྱི་ས་ཁུལ་ཁག་གི་ཞིང་འབྲོག་པའི་འཐུས་མི་དང་། ཁེ་ལས་པ། “ཞིང་གསུམ”ལས་དོན་པ་དང་ས་གནས་ཀྱི་མང་ཚོགས་བཅས་ལྷན་དུ་འཛོམས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ཚུན་གྱི་ཞིང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མཉམ་དུ་ལོ་ལེགས་འབྱུང་བར་རྟེན་འབྲེལ་ཞུས་པ་རེད།
ཆབ་མདོ་གྲོང་ཁྱེར་ཞིང་འབྲོག་པའི་དམངས་ཁྲོད་འཁྲབ་སྟོན་རུ་ཁག་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་ལེན་གར་འཁྲབ་བྱས་པ་དང་།《བྲག་གཡབ་བུ་ཕྲུག་སེམས་པ་ཏང་ལ་ཕྱོགས》《གཡང་ཁྱིམ་གྲུ་བཞི》སོགས་ལེ་ཚན་རིམ་བཞིན་འཁྲབ་སྟོན་བྱས་ཏེ། དགའ་བའི་བྲོ་གར་གྱི་སྟང་སྟབས་ལོ་ལེགས་ཀྱི་འཛུམ་མདངས་ནང་བསྒྱུར་བ་དང་སྙན་འཇེབས་ཀྱི་གླུ་སྒྲས་དྲིན་ཚོར་གྱི་སེམས་སྒྲ་དབྱངས་སུ་གྱེར་བ་རེད། བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་ར་ཞིག་གྲོང་ཚོའི་གྲོང་མི་བྱམས་པ་ཡིས“དེ་རིང་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཡིན་ལ། ང་ཚོ་ཞིང་འབྲོག་པ་རང་ཉིད་ཀྱི་དུས་ཆེན་ཡང་ཡིན། སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་རེ་རེ་ཡིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཞིམ་ཟས་མང་པོ་འགྲེམས་སྟོན་བྱས་པས་སེམས་པ་ཧ་ཅང་དགའ་པོ་བྱུང་སོང”ཞེས་དགའ་སྤྲོས་ངང་བཤད།
ཚོགས་ར་གཙོ་བོ་ཡིས་ད་དུང་དུས་མཉམ་དུ་ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་སྤེལ་བ་རེད། ཁྱད་ལྡན་ཐོན་ལས་ཀྱི་གྲངས་གཞི་རེ་རེ་དང་། གྲོང་གསེབ་རྣམ་གསར་གྱི་པར་རིས་རེ་རེ། མང་ཚོགས་ཀྱི་བདེ་སྐྱིད་འཛུམ་མདངས་རེ་རེ་ལས་གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་འོག་གི“ཞིང་ལས་སྟོབས་ལྡན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ”བཅས་ཀྱི་མཛེས་སྡུག་གི་རི་མོ་རེ་རེ་བཞིན་ཁ་ཕྱེས་པས་ས་གནས་ས་ཐོག་ཏུ་ཡོད་པའི་མང་ཚོགས་ཀྱིས“ཞིང་གསུམ”འཕེལ་རྒྱས་ལས་བྱུང་བའི་སྟོབས་ཤུགས་ཆེན་པོ་དངོས་ནས་ཚོར་ཐུབ་བྱུང་ཡོད། བྲག་གཡབ་རྫོང་བྱམས་མདུན་ཐོན་ལས་གླིང་ཁུལ་གྱི་ཀྲི་པུའུ་ཧྲུའུ་ཅི་བློ་གྲོས་རིན་ཆེན་གྱིས“ང་ཚོའི་ལས་སྣོན་བཟོ་གྲྭ་ཡིས་ནས་ནག་རྩམ་པ་དང་། ནག་ནག་སྐམ་སོབ། ནག་ནག་རྗེན་ཕྱེ་སོགས་ཐོན་རྫས་མང་པོ་ཐོན་སྐྱེད་བྱེད་ཐུབ་ཀྱིན་ཡོད། མ་འོངས་པར་ངས་དེ་བས་ཚན་རིག་དང་མཐུན་པ་དང་དེ་བས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་ཐབས་ཀྱི་ཐོག་ནས་ཐོན་སྐྱེད་འཕེལ་རྒྱས་སུ་བཏང་སྟེ། ཚང་མར་སྣེ་ཁྲིད་དེ་ཕྱུག་འགྱུར་འབབ་འཕར་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱ་རྒྱུ་ཡིན”ཞེས་བཤད།
དེ་ལས་གཞན། ལྗོངས་ཡོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་འཚོང་འདུ་ཚོགས་དེ་ཆབ་མདོ་གྲོང་ཁྱེར་གྱི་ཁ་རུབ་ཆུས་ཇ་རྟའི་ཐང་ཆེན་ཐོག་ཚ་ཚ་འུར་འུར་ངང་སྤེལ་བ་དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང60ལྷག་གི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད། “དྲ་ཐོག་ཐད་གཏོང་དང་དྲ་ཕྱི་འགྲེམས་འཚོང”གི་རྣམ་པས་འཛད་སྤྱོད་པ་མང་པོ་ཞིག་ནང་འགུགས་བྱས་ཏེ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་འགྲོ་བར་གསོན་ཤུགས་གསར་པ་ཞིག་བསྣན་ཡོད།