国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月26日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས23ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རང་རེའི་གྲོང་ཁྱེར་གྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་ཡོད།

ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཀྱི་གཟིགས་རྒྱང་རིང་ཞིང་དགོངས་པ་གཏིང་ཟབ་པས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས“གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས” མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། དྲིན་ཚོར་མདུན་སྐྱོད་དང་། དངོས་འཛིན་དངོས་སྒྲུབ་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས་ཅེས་བསྟན།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། ཀྲོང་ཅིན་སུང་གིས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་ལ་དམ་པོ་དམིགས་ཏེ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་སྟེགས་བུར་འཛིན་པ་དང་།“3+1+1”གཙོ་གནད་ལས་འགན་གྱིས་ཁྲིད་སྣོན་དུ་བཟུང་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་འབྲུ་རིགས་བདེ་འཇགས་དང་བསྡོམས་རྩིས་ལས་དོན་གནས་ཚུལ་སྙན་སེང་ལ་གསན་པ་རེད། ཀྲོང་ཅིན་སུང་གིས་འབྲུ་རིགས་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་འཕྲོ་བརླག་བྱ་སྤྱོད་རིགས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། གྲངས་ཀའི་སྤུས་ཚད་ཀྱི་སྲོག་རྩར་དམ་པོར་སྲུང་ནས་བསྡོམས་རྩིས་ལས་དོན་གྱི་ནན་ཏན་རང་བཞིན་དང་བདག་དབང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་འབྲེལ་ཡོད་སྐོར་གཟིགས་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཐུན་མོང་རུལ་སུངས་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གནས་ཚུལ་སྙན་སེང་ལ་གསན་པ་རེད། ཀྲོང་ཅིན་སུང་གིས་ཧུར་ཐག་གིས་ཀྲུང་དབྱང་གི་སྐོར་གཟིགས་དང་གཞོགས་འདེགས་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་སྐོར་ཞིབ་ཚུར་ལེན་གནད་དོན་དག་ཐེར་དམ་འཛིན་བཅས་བྱས་ཏེ། ཆབ་མདོའི་སྐོར་ཞིབ་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཐུན་མོང་རུལ་སུངས་གཅིག་སྡུད་བཅོས་སྐྱོང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། བཅོས་སྐྱོང་ཕན་ནུས་མཐོར་འདེགས་སུ་བཏང་སྟེ། མི་དམངས་མང་ཚོགས་རེག་ཚོར་དང་མཐོང་ཚོར་ཐུབ་པ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་ཡོད།