国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月23日

སྣ་མང་གི་རྒྱུད་འཛིན། མཚར་སྡུག་གི་ཆབ་མདོ།

-བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་།

འཕྲེད་རྒྱུག་རི་རྒྱུད་ཀྱི་པང་དུ་འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཆུ་བོ་གསུམ་གཡུ་འབྲུག་འཁྱུག་པ་བཞིན་དུ་མདུན་ཕྱོགས་སུ་རྒྱུག་བཞིན་ཡོད། ཡིན་ནའང་། གནའ་བོའི་ཇ་རྟའི་གནའ་ལམ་དང་དེང་རབས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དཔུང་པ་མཉམ་གཤིབ་ངང་མདུན་སྐྱོད་བྱས་ཏེ་ཆབ་མདོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམས་ནས་འཛམ་གླིང་ལ་སྲོལ་རྒྱུན་གྱི་ཉམས་འགྱུར་སྔར་བཞིན་གནས་པར་བྱས་ཡོད།

ཁ་རུབ་གནའ་ཤུལ། ཤེས་རིག་གི་འབྱུང་ཁུངས།

ཁ་རུབ་གནའ་ཤུལ་ནི་བོད་ལྗོངས་ཀྱི་གནའ་ཤུལ་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན་པའི་ངོས་ནས། དེས་ལོ་ངོ་སྟོང་ཕྲག་ལྷག་རིང་གི་ལོ་རྒྱུས་དག་གླེང་བཞིན་ཡོད། ད་བར་ལོ་ངོ4000ནས5000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རྙིང་པ་ནས་ཐོན་སྐྱེད་ཀྱི་ཡོ་བྱད་དང་རྡོ་ཆས་མང་པོ་ཞིག་རྙེད་པ་ཕུད། ད་དུང་རྫ་ཆས་ཚོན་རིས་མ་དང་། རུས་པ་སྙུང་མགོ་གཟུགས། རུས་ཁབ། དེ་བཞིན་གཡང་ཊི་དང་། རུས་པའི་རྣ་ལོང་དང་ལག་གདུབ་སོགས་ཀྱི་རྒྱན་ཆ་ཡང་རྙེད་ཡོད།

གླུ་གར་རྒྱུད་འཛིན། རིག་གནས་ཀྱི་བླ་སྲོག

2002ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ལ་རལ་པའི་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་གནང་བ་དང་། 2005ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁག་དང་པོའི་མིང་ཐོར་བཅུག

སྟེང་ཆེན་རྫོང་མཛོ་པ་ཁྱིམ་རྒྱུད་ཀྱི་མི་རབས་བདུན་པའི་མཛོ་པ་རལ་པའི་རྒྱུན་འཛིན་པ་ཨ་ཉེ་ལགས་ཀྱིས་གསུངས་དོན། ཁྲི་རྡོ་རལ་པའི་སྒྱུ་རྩལ་ནི་བློ་གཤོག་ཆེ་ལ་སྟངས་སྟབས་བདེ་ཞིང་ཉམས་འགྱུར་བཟང་བའི་ཁྱད་ཆོས་ལྡན་ཡོད། ད་ཆ་ཁྲི་རྡོ་རལ་པའི་རྒྱུན་འཛིན་པ་ཡང་མཛོ་པ་ཁྱིམ་རྒྱུད་ཀྱི་མི་རབས་བདུན་ཕུད་ཁྲི་རྡོ་གྲོང་རྡལ་གྱི་བུ་ཉི་ཤུ་དང་བུ་མོ་ཉི་ཤུ་སྐྱེད་སྲིང་བྱས་ཡོད།

2006ལོར་ཆབ་མདོའི་སྐོར་བྲོ་དང་། སྟེང་ཆེན་གྱི་རལ་པ། སྨར་ཁམས་ཀྱི་པི་ཝང་བཅས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ནང་བཅུག་པ་རེད།

ཤོ་པ་མདོ། མཐུན་སྒྲིལ་གྱི་མཚོན་རྟགས།

ཤོ་པ་མདོ་གྲོང་རྡལ་ཤོ་པ་མདོ་གྲོང་ཚོའི་མདུན་དུ་ཤིང་སྡོང་གཉིས་སྐྱེས་ཡོད་པར་ཡུལ་མི་ཚོས“མཐུན་སྒྲིལ་གྱི་ཤིང་སྡོང”ཟེར་བ་དང“རྒྱ་བོད་གཉེན་འབྲེལ་གྱི་ཤིང་སྡོང”ཡང་ཟེར་ཞིང་། ལོ་500ལྷག་གི་ལོ་རྒྱུས་ཡོད་པས་རྒྱ་བོད་ཁྱིམ་ཚང་ཀུན་གྱི་དན་རྟགས་སུ་གྱུར། ལོ་གསར་གཏོང་རིམ་བཞིན་རྒྱ་བོད་ཁྱིམ་ཚང་དག་ཤིང་སྡོང་དེའི་མདུན་དུ་སོང་ནས་གསོལ་བ་སྨོན་ལམ་རྒྱག་གི་ཡོད།

ཤོ་པ་མདོ་གྲོང་རྡལ་གྱི་མི་རིགས་མཉམ་འདྲེས་ཀྱི་སྲོལ་རྒྱུན་དེ་སྔ་ཤོས་སུ་ཆིང་རྒྱལ་རབས་ནས་དར་འགོ་ཚུགས་པ་དང་། 1910ལོར་སི་ཁྲོན་གྱི་སྤྱི་ཁྱབ་ཀྲོར་ཧྥུང་གི་དཔུང་སྡེ་ཞིག་རྒྱུ་རྐྱེན་གང་རུང་གིས་རྐྱེན་པས་ཤོ་པ་མདོ་རྫོང་དུ་སྡོད་དགོས་བྱུང་། དམག་མི་ལ་ལ་ས་གནས་དེ་གའི་བུ་མོ་དང་གཉེན་སྒྲིག་བྱས་རྗེས། རྒྱ་རིགས་ཀྱི་འཚོ་བའི་གོམས་གཤིས་གང་མང་གནས་དེར་དར། ད་ཆ་ཤོ་པ་མདོ་གྲོང་རྡལ་སྲིད་གཞུང་གི་ལྷོ་ངོས་རི་འདབས་སུ་ཆིང་རྒྱལ་རབས་སྐབས་ཀྱི་རྒྱ་རིགས་ཀྱི་བང་སོ་བསྡོམས་150ཙམ་ཡོད་པ་རེད།

ད་བར་ཉར་ཚགས་བྱས་པའི་སེང་རྩེད་ནི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དཔང་རྟགས་ཤིག་རེད། ཤོ་པ་མདོ་གྲོང་རྡལ་དུ་ས་གནས་དེ་གའི་མི་སེར་གྱིས་རལ་པ་དང་སྒོར་གཞས་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ཞབས་བྲོའི་གཞི་རྒྱུ་དང་སྔ་མོ་ནས་ཁུལ་དེར་དར་ཁྱབ་ཆེ་བའི་སེང་རྩེད་མཉམ་འདྲེས་བྱས་ཏེ་ཐུན་མོང་མ་ཡིན་པའི་འཁྲབ་སྟོན་བྱེད་སྟངས་ཤིག་གྲུབ་པ་སྟེ། ཤོ་པ་མདོ་གྲོང་རྡལ་གྱི་སེང་རྩེད་དེ་ཡིན་པ་རེད།

ལོ་70ལྷག་ཙམ་ལ་སླེབས་པའི་བསྟན་པ་ཨ་ཉི་ནི་སེང་རྩེད་ཀྱི་རྒྱུན་འཛིན་པ་མི་རབས་ལྔ་པ་དེ་རེད། “ང་ཚོས་ཤོ་པ་མདོའི་སེང་རྩེད་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་དགེ་ཕྲུག་མང་ཙམ་ཁྲིད་དེ་སེང་རྩེད་དེ་ཉིད་ཤོ་པ་མདོ་དང་། ལྷོ་རོང་། ཆབ་མདོ་བཅས་ནས་ཐོན་ཏེ་གར་སྟེགས་དེ་བས་ཆེ་བ་ཞིག་གཏོད་ཀྱི་ཡིན” བསྟན་པ་ཨ་ཉིས་མི་དེ་བས་མང་བས་སེང་རྩེད་ལ་རྒྱུས་ལོན་དང་སེང་རྩེད་ལ་ངོས་འཛིན་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།