国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月23日

ངོ་མཚར་གྱི་ཁམས་པ། མཐིང་མདོག་གི་དཔའ་ཤོད།

དཔའ་ཤོད་རྫོང་གི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་འགོ་ཚུགས་པ།

འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།

ཟླ9པའི་ཚེས19ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བ་དང་དཔའ་ཤོད་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་ར་འོག་གྲོང་རྡལ་དུ་འགོ་ཚུགས་པ་རེད། འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས19ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད། དཔའ་ཤོད་རྫོང་གི་རིག་གནས་ཡུལ་སྐོར་དུས་སྟོན་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོ་བོད་ལྗོངས་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ནས་སྤེལ་བ་རེད། འགོ་ཚུགས་མཛད་སྒོའི་ཐོག་ངོ་མཚར་གྱི་ཁམས་པ། མཐིང་མདོག་གི་དཔའ་ཤོད་ཅེས་པ་བརྗོད་དོན་གཙོ་བོ་བྱས་ཏེ། གསར་བརྗེའི་ཕྱིར་དྲན་དང་བདེ་སྐྱིད་དཔའ་ཤོད། རྫོགས་ལྡན་སྤྲོ་གླུ་བཅས་ལེའུ་གསུམ་དུ་དབྱེ་ཡོད་ལ། ཐེངས་འདིའི་མཛད་སྒོའི་ཐོག་གླུ་པ་གླུ་མ་གྲགས་ཅན་དང་དཔའ་ཤོད་རྫོང་སྒྱུ་རྩལ་ཚོགས་པ། ཆབ་མདོ་ཁམས་པའི་རིག་གནས་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་ཡིད་དབང་འཕྲོག་པའི་འཁྲབ་སྟོན་གྱ་ནོམ་པ་བྱས་པ་རེད།

སྐབས་འདིའི་རིག་གནས་ཡུལ་སྐོར་དུས་སྟོན་དེ་ཟླ་བ9པའི་ཚེས21ཉིན་བར་སྤེལ་རྒྱུ་ཡིན་ལ། དུས་ཚོད་འདིའི་ནང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དང་། ཚོང་འགུག་འོས་སྦྱོར་འདུ་ཚོགས། སྲོལ་རྒྱུན་ལུས་རྩལ་འགྲན་སྡུར། གསར་བརྗེའི་གླུ་གཞས་འགྲན་སྡུར། གཟུགས་མེད་རིག་གནས་འགྲེམ་འཁྲབ། ར་འོག་མཚེའུ་བསྐོར་བའི་ལྕགས་རྟ་འགྲན་སྡུར། རོལ་དབྱངས་འདུ་ཚོགས་སོགས་བྱེད་སྒོ་སྣ་མང་བཀོད་སྒྲིག་བྱས་ཏེ། ཁྱོན་ཡོངས་ནས་དཔའ་ཤོད་རྫོང་གི་རིག་གནས་ཡུལ་སྐོར་གྱི་གྲུབ་འབྲས་གསར་པ་ངོམ་རྒྱུ་རེད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས19ཉིན་གྱི་དགོང་མོར། ར་འོག་མཚེའུ་འགྲམ་དུ་གློག་འོད་རབ་ཏུ་འཚེར་བའི་ཁྲོད། མཐིང་མདོག་གི་དཔའ་ཤོད་ཅེས་པའི་རོལ་དབྱངས་དགོང་ཚོགས་འགོ་བརྩམས་པ་རེད། ཐེངས་འདིའི་དགོང་ཚོགས་མཐིང་མདོག་གི་བྱུང་བ་དང་། ར་འོག་གི་ལས་དབང་། དཔའ་ཤོད་ཀྱི་ཕུགས་འདུན་བཅས་ཚན་པ་གསུམ་དུ་བགོས་ཡོད།

གཞས་པ་གྲགས་ཅན་དང་ན་གཞོན་གླུ་པ་གླུ་མ་མང་པོ་འདི་རུ་འཛོམས་ནས། ཡུལ་དངོས་དང་དྲ་ཐོག་གི་ལྟད་མོ་བ་ཚོར་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་རོལ་དབྱངས་ཀྱི་རྒྱས་འཛོམས་ཤིག་འཚོགས་ཡོད། གཞས་པ་གྲགས་ཅན་མང་པོས་ངོ་མཚར་བའི་འཁྲབ་སྟོན་བྱས་ཡོད་དེ། བོད་ཀྱི་གླུ་བ་ནོར་བུ་བསམ་གྲུབ་ཀྱིས《རྒྱུད་གཅིག》ཅེས་པའི་གླུ་གཞས་བླངས་ནས། ཕ་ཡུལ་དང་རིག་གནས་ལ་བཅངས་པའི་བརྩེ་བ་མཚོན་པ་དང་། གྲུ་བ་བསམ་གྲུབ་ཀྱིས་བོད་ཀྱི་གླུ་གཞས་གྲགས་ཅན་བཅུའི་བྱ་དགའ་ཐོབ་པའི《ལྷ་མོའི་མེ་ཏོག》ཅེས་པ་བླངས་ནས། ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག་ཡོད། གཞན་ཡང་གླུ་པ་ཚེ་མགོན་གྱིས《ཇོ་མོ་གླང་མ》ཞེས་པའི་གླུ་གཞས་བླངས་ནས། གངས་ཅན་ལྗོངས་ཀྱི་རི་ཆུ་ལ་བཟུང་བའི་དད་སེམས་དང་གུས་འདུད་མཚོན་པར་བྱས། དེ་མིན་ན་གཞོན་གཞས་པ་སྒོམ་པ་དང་Wingsཚན་སྡེབ་ཀྱིས་སྙན་པའི་གླུ་གཞས་ཕུལ་ནས། དར་སྲོལ་གསར་པའི་གླུ་གཞས་དང་མི་རིགས་ཀྱི་སྲོལ་རྒྱུན་གླུ་གཞས་ཟུང་འབྲེལ་གང་ལེགས་བྱས་པས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།

དགོང་ཚོགས་ཐོག་གླུ་གཞས་སྙན་མོ་གང་མང་བླངས་པ་མ་ཟད། སྣམ་བུའི་ཤོམ་འགྲོ་ཡང་བྱས་ཡོད། ཤོམ་འགྲོ་བ་ཚོས་སྲོལ་རྒྱུན་གྱི་སྣམ་བུ་དང་དེང་རབས་ཀྱི་ཇུས་འགོད་ཟུང་དུ་འབྲེལ་བའི་མི་རིགས་ཀྱི་རྒྱན་གོས་གྱོན་ནས། གཟུགས་མེད་རིག་གནས་ཤུལ་བཞག་དང་དེང་རབས་མཛེས་དཔྱོད་གཉིས་ཀ་ལེགས་པར་མཚོན་ཡོད།

ཐེངས་འདིའི་རོལ་དབྱངས་དགོང་ཚོགས་དེ་དཔའ་ཤོད་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྒྱུ་རྩལ་གྱི་རྒྱས་འཛོམས་ཤིག་ཡིན་པ་མ་ཟད། དཔའ་ཤོད་རྫོང་གིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་སྤེལ་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་འཛིན་སྐྱོང་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མངོན་པར་མཚོན། ད་དུང་དགོང་ཚོགས་ཐོག་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དབང་ཆེན་ལྷ་མོ་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡེ་ཤེས་སྒྲོལ་མ་གཉིས་དཔའ་ཤོད་རྫོང་གི་རིག་གནས་ཡུལ་སྐོར་གྱི་དཔེ་མཚོན་ཕོ་ཉ་རུ་གདན་དྲངས་ནས། དཔའ་ཤོད་རྫོང་གི་རིག་གནས་ཡུལ་སྐོར་སྔར་ལས་སྙན་གྲགས་རྒྱས་ཅི་ཐུབ་བྱས་ཡོད། རོལ་དབྱངས་དགོང་ཚོགས་བརྒྱུད་ནས། དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན་ཞེས་པའི་བརྗོད་དོན་ལྟད་མོ་བ་ཚོའི་སྙན་ལམ་དུ་སྒྲོན་པ་མ་ཟད། མཐིང་མདོག་གི་དཔའ་ཤོད་ཅེས་པའི་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་སྔར་ལས་སྙན་གྲགས་རྒྱས་པར་བྱས་ཡོད།