国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月03日

བཀྲ་ཤིས་སྒང་གྲོང་ཚོ་འཕེལ་རྒྱས་འགྲོ་བའི་ཐབས་ལམ་བཟང་པོ།

བཀྲ་ཤིས་སྒང་གྲོང་ཚོའི་ཟུར་གཅིག

ལས་དོན་མི་སྣས་ཐོན་ལས་གླིང་དུ་ཚ་ལུ་མའི་ཡལ་ག་བཏོག་བཞིན་པ།

བཀྲ་ཤིས་སྒང་གྲོང་ཚོ་ནི་རི་བོ་ཆེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་9.2ལས་མེད་པའི་གྲོང་ཚོ་ཞིག་ཡིན། གྲོང་ཚོ་དེར“མཛེས་སྡུག་ལྡན་པའི་གྲོང་གསེབ་པོ་ཨའོ་རྒྱལ་སྤྱིའི་དབུ་ཚོགས་ཀྱི་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་བཅུ”དང“རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ”སོགས་མིང་བྱང་མང་པོ་ཡོད་ཅིང་། 2024ལོར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21860ཟིན་པའི་ཕུལ་བྱུང་གྲུབ་འབྲས་བྱུང་ཡོད།

2018ལོར་བཀྲ་ཤིས་སྒང་གྲོང་ཚོས་ས་ཞིང་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས་བོད་ལྗོངས་ཁྲིན་ཤིས་འཛུགས་སྐྲུན་ཚོགས་པས་མ་དངུལ་སྒོར་དུང་ཕྱུར་1.2བཏང་སྟེ་བཀྲ་ཤིས་སྒང་གི་སྐྱེ་ཁམས་ཐོན་ལས་རྟེན་གཞི་མཉམ་དུ་བཟོས་པ་དང་།“ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། མ་དངུལ་མ་རྐང་དུ་བསྒྱུར་བ། ཞིང་པ་རྐང་བདག་ཏུ་བསྒྱུར་བ”བཅས་ཀྱི་འཕོ་འགྱུར་དེས་གྲོང་ཚོ་དེ་གའི་ཡུལ་མི་32དང་ཉེ་འཁོར་གྱི་མང་ཚོགས75ལ་ཐད་ཀར་ལས་ཞུགས་ཀྱི་ལམ་བུ་བཟོས་པས་ལོ་རེར་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་འཕར་སྣོན་བྱུང་ཡོད།

2022ལོར“གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དཔེ་སྟོན་ས་ཚིགས”བཀྲ་ཤིས་སྒང་གྲོང་ཚོར་བསྐྲུན་འགོ་ཚུགས་པ་དང་། ལས་གཞི་དེར་ཁྱོན་མ་དངུལ་སྒོར་ཁྲི་1741བཏང་ནས་ཁྲུང་ཆིང་གི་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་གཙོ་ཁྲིད་ལག་བསྟར་བྱས་པ་རེད། དེར་བརྟེན་བཀྲ་ཤིས་སྒང་གྲོང་ཚོའི་རྣམ་པར་སླར་ཡང་རིམ་སྤོར་གསར་པ་ཞིག་བྱུང་བ་རེད།

ད་ལྟ་གྲོང་ཚོའི་ནང་གི་ལིས་སྨད་བོད་སྨན་རྩིས་ཁང་གིས་གྲོང་མི་28ལས་ཞུགས་བརྟན་པོའི་ངང་བསྡུ་ལེན་བྱས་པ་དང་། ལོ་རེར་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་ཡོང་གི་ཡོད། རི་བོ་ཆེ་རྫོང་ཐོན་ལས་གླིང་ཁུལ་དེ་གྲོང་ཚོ་དེའི་ས་གཤིས་བཟང་ཁུལ་དུ་གནས་པས་གྲོང་མི114ལ་ལོ་རེར་ཁེ་འབབ་སྒོར་ཁྲི38བགོས་པའི་དངོས་ཕན་ཐོབ་པ་བྱུང་ཡོད། ཉུང་མ་དང་བོད་ལུགས་སྨན་རྒྱུ་སོགས་ས་མཐོའི་གཅེས་ནོར་མངགས་ཐོའི་ཐོག་ནས་ཉོ་སྒྲུབ་བྱས་པ་ལས་ཡུལ་མི་ཚོར་ལོ་རེར་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་འཕར་སྣོན་ཡོང་གི་ཡོད་པ་རེད། ཁྲུང་ཆིང་གི་བོད་སྐྱོར་ཐབས་ལམ་དང་གྲོང་ཚོའི་ཏང་ཡོན་སྦྱོང་རྡར་རྟེན་གཞི་སྟོབས་ཆེར་བཏང་ནས་རྩལ་ནུས་སྦྱོང་རྡར་བྱས་ཏེ་གྲོང་མི་རྣམས་ཐོན་ལས་འཕེལ་རྒྱས་ཀྱི“གཙོ་ཤུགས་དམག”དང“མཉམ་ལས་མཁན”བཅས་སུ་གྱུར་ཡོད།

བཀྲ་ཤིས་སྒང་གྲོང་ཚོས་ཐོན་ལས་དར་སྤེལ་གཏོང་རྒྱུ་ནི་དམངས་ཕྱུག་གི་རྩ་བ་ཡིན་པ་གསལ་པོ་ཤེས། ཁོང་ཚོས“ཀྲི་པུའུ་དང་། ཏང་ཡོན། འཇོན་ཐང་ཅན་བཅས་ཀྱིས་སྣེ་ཁྲིད་བྱེད་ཅིང་། མང་ཚོགས་ཞུགས་པ”ཐབས་ལམ་དུ་བྱས་ཏེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གང་ལེགས་བྱས་ཏེ་ས་མཐོའི་ཁྱད་ལྡན་དཔལ་འབྱོར་ལ་བཀྲག་མདངས་འཚེར་བར་བྱས་ཡོད།

གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ནི་མི་ལ་ཐུག་ཡོད། གྲོང་ཚོའི་ནང་སྦྱོང་རྡར་རྟེན་གཞི་བཙུགས་པ་དེ་ཤེས་ལྡན་མི་སྣ་ཡར་རྒྱས་ཡོང་བའི་ཞིང་ས་གཤིན་པོར་གྱུར་ཡོད། ཞིང་ལས་ཚན་རྩལ་དང་། བོད་ལུགས་གསོ་རིག་དང་བོད་སྨན། འབྲི་གཡག་གསོ་སྤེལ། ཐོན་རྫས་ལས་སྣོན། ཚོང་གཉེར་དོ་དམ་སོགས་དམིགས་སའི་རང་བཞིན་ལྡན་པའི་སྦྱོང་རྡར་ཐེངས་30ལྷག་ཙམ་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་ཡོད།