འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས12ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་སྤྱི་བདེ་ཅུས་སུ་རྟོག་ཞིབ་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་སྤྱི་བདེ་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་འགན་འབད་སྒྲུབ་དང་། ཁྲིམས་ལྟར་འགན་སྒྲུབ་བཅས་བྱས་ཏེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོབ་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ། རྫོང(ཆུས)ཁག་གི་བརྟན་ལྷིང་སྲུང་སྐྱོབ་བཀོད་འདོམས་པུའུ་དང་བརྙན་ལམ་སྦྲེལ་མཐུད་ཀྱི་ལམ་ནས་ཉེ་དུས་ཀྱི་ལས་དོན་ལ་བཀོད་འདོམས་བཀོད་སྒྲིག་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་ལ་ནུས་ཤུགས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་རྒྱུན་བསྲིང་ལྷོད་མེད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཏན་ཏིག་ངང་དོན་འཁྱོལ་བྱེད་དགོས་ཤིང་། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟན་ལྷིང་སྲུང་སྐྱོབ་ལས་དོན་ཉིན་རེའི་ལས་རིམ་ནང་འཇུག་པ་དང་། གཞི་རིམ་ཁྲོད་དོན་འཁྱོལ་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བ་ནི་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་དོན་བཟང་ཞིག་ཡིན་ལ། ཆབ་སྲིད་ཀྱི་བདེ་འཇགས་ཨང་དང་པོར་འཇོག་དགོས་ཤིང་། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོབ་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་ཏེ། རྟེན་འབྲེལ་ཆེ་མོའི་བྱེད་སྒོ་ལེགས་གྲུབ་དང་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས། ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་མཐའ་འཁྱོངས་བྱེད་དགོས་ཤིང་། ཁྲིམས་འགལ་ཉེས་གསོག་གིས་བྱེད་སྒོར་གཏོར་བཤིག་གཏོང་མཁན་མཐའ་དག་གུ་ཡངས་གཏན་ནས་མི་གཏོང་བ་དང་། ཉེ་འཁོར་གྱི་གྲོང་ཁྱེར་དང་ཁུལ་བར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཐུན་མོང་ཐོག་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོབ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས། བརྟན་ལྷིང་སྲུང་སྐྱོབ་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། སེམས་ནང་གདེང་ཚོད་ཡོད་པ་དང་། ལག་ཏུ་ཐབས་ཇུས་ཡོད་པ། བྱ་སྤྱོད་ནུས་པ་ཡོད་པ་བཅས་ཐུབ་པ་བྱེད་དགོས་ཅེས་བསྟན།