国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年07月08日

རང་རེའི་གྲོང་ཁྱེར་གྱིས་སྤང་མདའ་གནམ་ཐང་ཤར་གཏོང་ཐུབ་ནས་ལོ་30འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རང་རེའི་གྲོང་ཁྱེར་གྱིས་སྤང་མདའ་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ30འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཆུས་ཅུས་ཀྲང་གཞོན་པ་བོད་ལྗོངས་གནམ་ཐང་ཚོགས་པའི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲི་ཀྲང་ལིས་ཧའོ་ཡང་དང་། ཧྲེ་ཀྲང་གཞོན་པ་ཝུའུ་ཅན་རྣམ་གཉིས་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

བཞུགས་མོལ་ཚོགས་འདུའི་ཐོག་ཝུའུ་ཅན་གྱིས་སྤང་མདའ་གནམ་ཐང་ཤར་གཏོང་ཐུབ་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། སྤང་མདའ་གནམ་ཐང་གིས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་།“བདེ་འཇགས་ཨང་དང་པོ་ཡིན”པའི་འདུ་ཤེས་རྒྱུད་འཛིན་བྱས་ཏེ། འཁོར་སྐྱོད་ཀྱི་དོ་དམ་དང་། ཞབས་ཞུའི་འགན་ལེན། རིག་ནུས་ཅན་གྱི་འཛུགས་སྐྲུན་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་དང་། སྔར་བས་འཐུས་ཚང་གི་མཁའ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་མགྱོགས་མྱུར་གྱིས་བསྐྲུན་ནས་ཆབ་མདོ་འདི་ཉིད“ཕྱོགས་བསྡུས་འགྲིམ་འགྲུལ་འགག་གནད”དང་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་མགྱོགས་མྱུར་ངང་བསྐྲུན་པར་ཕྱོགས་ཡོངས་ནས་རོགས་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།

ལིས་ཧའོ་ཡང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་བོད་ལྗོངས་གནམ་ཐང་ཚོགས་པ་ཡིས་དམངས་སྤྱོད་མཁའ་འགྲུལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཆབ་མདོའི་གནམ་ཐང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པ་དང་། མཁའ་འགྲུལ་གྱི་བདེ་འཇགས་མ་ཐིག་སྲུང་བ། མཁའ་འགྲུལ་དྲ་བའི་རྣམ་པ་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་གཉེར་སྐྱོང་འཕེལ་རྒྱས་འཆར་འགོད་བཅས་བྱས་ནས། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན”རྒྱུའི་ལས་དོན་དམིགས་ཚད་མགྱོགས་མྱུར་ངང་མངོན་འགྱུར་ཡོང་བར་འགན་སྲུང་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)