“གཟའ་འཁོར་གཉིས་ཀྱང་མ་འགོར་བར་ཁག་ཐེག་དངུལ་བུན་སྒོར་ཁྲི་480ལ་ཆོག་མཆན་ཐོབ་བྱུང་། དུས་ཡུན་ཐུང་བའི་ཁར། མ་དངུལ་བསྡུ་རུབ་ཀྱི་གྲངས་འབོར་ལོ་གོང་མ་ལས་སྒོར་ཁྲི་60མང་བ་བྱུང” ན་ནིང་ཟླ་11པའི་མ་དངུལ་བསྡུ་རུབ་སྐོར་གླེང་སྐབས་ཆབ་མདོ་གྲོང་ཁྱེར་ཟླ་ཆུ་ལས་འབྲེལ་ཁེ་ལས་ཚད་ཡོད་ཀུང་སིའི་མ་འཇོག་མཁན་ཝང་ཞུའེ་ཡིས་ཁྲུང་ཆིང་གི་བོད་རོགས་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་དངུལ་རྩའི་བོད་སྐྱོར་ལས་དོན་གྱི་ལས་ཕྱོད་ལ་བསྔགས་བརྗོད་ཡང་ཡང་བྱས།
2016ལོར། ཁྲུང་ཆིང་ནས་ཡོང་བའི་ཝང་ཞུའེ་ཡིས་ཆབ་མདོར་ཆབ་མདོ་གྲོང་ཁྱེར་ཟླ་ཆུ་ལས་འབྲེལ་ཁེ་ལས་ཚད་ཡོད་ཀུང་སི་བཙུགས་པ་དང་བོད་ལ་དམིགས་བསལ་དུ་ཡོད་པའི་འབྲི་གཡག་གི་ཁུ་ལུའི་ཐོན་ཁུངས་སྤྱད་དེ་ལག་ཤེས་བོད་རུམ་དང་ཁ་དཀྲིས་སོགས་ཐོན་རྫས་ཐོན་སྐྱེད་བྱས་པས་ཁྲོམ་རའི་དགའ་བསུ་ཐོབ་པ་དང་འབྲེལ་ཕྱི་རྒྱལ་དུ་ཕྱིར་ཚོང་ཡང་བྱེད་ཀྱི་ཡོད། ད་ཆ་ཀུང་སི་དེ་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།
ཡིན་ནའང་། ས་མཐོའི་ཁུལ་གྱི་དངུལ་རྩའི་མཁོ་སྤྲོད་ཐོན་ཁུངས་ཞན་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་པས་ས་གནས་དེ་གའི་ཁེ་ལས་ཁག་གཅིག་ལ་སྐབས་ཤིག་རིང་མ་དངུལ་བསྡུ་རུབ་དཀའ་བ་དང་མ་དངུལ་བསྡུ་རུབ་འགོར་བ་སོགས་ཀྱི་དཀའ་ངལ་འཕྲད་ནས་ཐོན་ནུས་རྒྱ་སྐྱེད་དང་ལག་རྩལ་རིམ་སྤོར་ཐད་མ་དངུལ་མི་འདང་བའི་གནད་དོན་ཡུན་རིང་ཐག་གཅོད་ནུས་ལྡན་ཐུབ་མེད།
2024ལོར་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་མཐུན་སྦྱོར་འོག ཁྲུང་ཆིང་གྲོང་ཁྱེར་གྱི་མ་དངུལ་བསྡུ་རུབ་དང་ཁག་ཐེག་བསྐྱར་མའི་ཀུང་སི་བོད་དུ་བརྟག་དཔྱད་བྱེད་པར་བསྐྱོད་དེ་ཆབ་མདོ་ཁང་ཏེ་མ་དངུལ་བསྡུ་རུབ་ཁག་ཐེག་ཀུང་སི་དང་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་མ་ཟད། ཟླ་ཆུ་ལས་འབྲེལ་ཁེ་ལས་ཚད་ཡོད་ཀུང་སིར་ཐུན་མོང་ཐོག་མ་དངུལ་བསྡུ་རུབ་ཇུས་གཞི་བཟོས་ནས་ཀུང་སིའི་གཉེར་སྐྱོང་མ་དངུལ་འཁོར་རྒྱུག་གི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་པས་སྐབས་དེའི་ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོ་ལེགས་གྲུབ་བྱུང་བ་རེད།
ཁྲུང་ཆིང་གྲོང་ཁྱེར་གྱི་མ་དངུལ་བསྡུ་རུབ་དང་ཁག་ཐེག་བསྐྱར་མའི་ཀུང་སིའི་གྲོས་འགོ་དང་རྒྱབ་སྐྱོར་འོག་ཟླ་ཆུ་ལས་འབྲེལ་ཁེ་ལས་ཚད་ཡོད་ཀུང་སིས་ཁྲུང་ཆིང་དུ་ཡན་ལག་ཀུང་སི་སྟེ། ཁྲུང་ཆིང་ཅིན་རུན་སེན་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་སི་མགྱོགས་མྱུར་བཙུགས་མོད། འོན་ཀྱང་ཀུང་སི་བཙུགས་མ་ཐག་འཕྲད་པའི་ལས་མི་དཀོན་པའི་དཀའ་གནད་ཐོག་མཐའ་བར་གསུམ་དུ་ཐག་གཅོད་ཐུབ་མེད།
གནས་ཚུལ་དེ་ཤེས་རྗེས། ཁྲུང་ཆིང་གྲོང་ཁྱེར་མ་དངུལ་བསྡུ་རུབ་དང་ཁག་ཐེག་བསྐྱར་མའི་ཀུང་སིས་རང་ངོས་ཀྱི་མཉམ་ལས་འབྲེལ་བ་སྤྱད་དེ་སྤྱི་ཚོགས་སོགས་སྡེ་ཚན་དང་འབྲེལ་བ་བྱས་ནས་ཁྲུང་ཆིང་ཅིན་རུན་སེན་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་སིར་ལས་མི་50བསྡུས་པས་ཐོན་སྐྱེད་ནུས་པ་མགྱོགས་མྱུར་མཐོ་རུ་འགྲོ་ཐུབ་པ་བྱུང་ཡོད།
ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་རྒྱུན་ལྡན་དུ་གྱུར་རྗེས། ཁྲུང་ཆིང་གྲོང་ཁྱེར་གྱི་མ་དངུལ་བསྡུ་རུབ་དང་ཁག་ཐེག་བསྐྱར་མའི་ཀུང་སིས་ཁོང་ཚོར་ཕྱོགས་བསྡུས་མ་དངུལ་བསྡུ་རུབ་དང་བློ་རིག་ཞབས་འདེགས་ཞུས་ནས་ཁེ་ལས་ཀྱིས་ཁྲུང་ཆིང་གི་ས་བབ་ལེགས་ཆར་བརྟེན་ཏེ་རྒྱལ་སྤྱིའི་ཕྱིར་ཚོང་ཐབས་ལམ་སྔར་བས་གཏོད་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
ད་ཆ། ཁྲུང་ཆིང་ཅིན་རུན་སེན་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་སི་བྱེད་པོར་བྱས་ནས་ཆབ་མདོ་གྲོང་ཁྱེར་ཟླ་ཆུ་ལས་འབྲེལ་ཁེ་ལས་ཚད་ཡོད་ཀུང་སི་དང་ཁྲུང་ཆིང་གྲོང་ཁྱེར་མ་དངུལ་བསྡུ་རུབ་དང་ཁག་ཐེག་བསྐྱར་མའི་ཀུང་སིའི་དབར་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ཁག་ཐེག་སྒྲིག་གཞི་དང་ཁེ་ལས་དབར“མ་དངུལ་བསྡུ་རུབ་ཞབས་ཞུ་དང་དང་བློ་རིག་རྒྱབ་སྐྱོར་ཟུང་དུ་འབྲེལ་བའི”འཁོར་རྒྱུག་བཟང་པོ་ཆགས་ཡོད། ད་ལོ་གོ་ལ་ཧྲིལ་པོའི་ཚོང་དོན་ཁོར་ཡུག་ལ་གཏན་འཁེལ་མེད་པའི་རང་བཞིན་ཅུང་ཆེན་པོ་འཕྲད་མོད། དུས་ཚིགས་དང་པོར་ཆབ་མདོ་གྲོང་ཁྱེར་ཟླ་ཆུ་ལས་འབྲེལ་ཁེ་ལས་ཚད་ཡོད་ཀུང་སིར་སྔར་བཞིན་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་ཁྲི་1000བྱུང་བ་དེས་ན་ནིང་ལོ་ཧྲིལ་པོའི་ཕྱིར་གཏོང་ནང་འདྲེན་ཚོང་དོན་དངུལ་འབོར་གྱི་ལྔ་ཆ་གཅིག་བཟུང་ཡོད།
“དངུལ་རྩའི་བོད་སྐྱོར”གྱི་རྩ་བ་བོད་ཤར་རྒྱུད་དུ་བརྟན་པོ་ཚུགས་པར་ད་དུང་གསར་གཏོད་ཀྱི་ཁ་ཕྱོགས་ལ་དམིགས་ཏེ་ས་གནས་དེ་གའི་ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་ཀྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས་ཀྱི་ཡོད། ཁྲུང་ཆིང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ས་གནས་གཉིས་ཀྱི་གཞུང་ཁོངས་ཁག་ཐེག་ལས་སྟེགས་ཀུང་སིའི་མཉམ་ལས་ལ་སྐུལ་འདེད་བཏང་རྗེས། ཁྲུང་ཆིང་གྲོང་ཁྱེར་མ་དངུལ་བསྡུ་རུབ་དང་ཁག་ཐེག་བསྐྱར་མའི་ཀུང་སིས་རང་འགུལ་ངང་གློག་རྡུལ་ཁག་ཐེག་ཡི་གེའི་མ་ལག་སྤྱོད་འགོ་ཚུགས་ནས་སྔ་རྗེས་སུ་ལག་རྩལ་པ་དང་ལས་སྒོའི་རྐང་འཛིན་པ་6མངགས་ཏེ། ཆབ་མདོའི་ཁང་ཟླ་མ་དངུལ་བསྡུ་རུབ་དང་ཁག་ཐེག་ཀུང་སིར་རམ་འདེགས་བྱས་ནས་ལག་རྩལ་ལས་སྟེགས་བཙུགས་པ་དང་གཉེར་སྐྱོང་སྲུང་སྐྱོང་བྱས་ཡོད།
འདི་ལོའི་ཟླ་4པར་བོད་སྐྱོར་སྟོབས་ཤུགས་ཀྱི་རོགས་རམ་འོག་བསྐྱར་དུ་སྒྱུར་བཀོད་བྱས་རྗེས་ཀྱི་ཁང་ཟླ་མ་དངུལ་བསྡུ་རུབ་དང་ཁག་ཐེག་ལས་སྟེགས་དངོས་སུ་དྲ་ཐོག་ནས་སྤྱོད་འགོ་ཚུགས་ནས་ད་བར་གློག་རྡུལ་ཁག་ཐེག་ཡི་གེ་མང་པོ་མཁོ་འདོན་བྱས་ཡོད།
ད་ལོ་ཁྲུང་ཆིང་གི་དངུལ་རྩའི་སྒྲིག་གཞིས“ཤེས་ལྡན་པ་སྤེལ་རེས་དང་། མ་ལག་མཉམ་སྤྱོད། འཐབ་ཇུས་གན་འཇོག”སོགས་ཀྱི་བྱེད་ཐབས་བརྒྱུད་ཆབ་མདོའི་གཞུང་ཁོངས་ཁག་ཐེག་སྒྲིག་གཞིར་ཆ་འཕྲིན་ཅན་གྱི་ཕྱོགས་སྒྱུར་ལེགས་གྲུབ་བྱ་རྒྱུར་གཞོགས་འདེགས་བྱས་པ་མ་ཟད། ས་གནས་གཉིས་དབར་དངུལ་རྩའི་ཁག་ཐེག་ཁྱབ་ཁོངས་ཀྱི་འཐབ་ཇུས་གྲོས་མཐུན་མང་པོ་འཇོག་རྒྱུར་སྐུལ་འདེད་བཏང་ནས་ཁག་ཐེག་ལས་སྒོ་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན། མི་སྣ་གསོ་སྦྱོང་སོགས་ལ་ཁྱབ་སྟེ་ཆབ་མདོ་གྲོང་ཁྱེར་གཞུང་ཁོངས་ཁག་ཐེག་ཀུང་སིའི་ཕྱོགས་བསྡུས་ཁག་ཐེག་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད།
2025ལོའི་དུས་ཚིགས་དང་པོ་ཁོ་ནར། ཆབ་མདོ་གྲོང་ཁྱེར་གཞུང་ཁོངས་ཁག་ཐེག་ཀུང་སིའི་མ་དངུལ་བསྡུ་རུབ་དང་ཁག་ཐེག་ལས་སྒོའི་གསར་འཕར་དུད་ཚང་གི་གྲངས་འབོར་དུས་མཚུངས་ལས་1857%འཕར་བ་དང་གསར་འཕར་དངུལ་གྲངས་དུས་མཚུངས་ལས་1368%འཕར་ཡོད། འགན་སྲུང་བྱེད་བཞིན་པའི་དུད་ཚང་གི་གྲངས་འབོར་དང་ལྷག་གྲངས་ཀུང་སིའི་ལོ་བརྒྱད་གོང་གི་ལོ་རྒྱུས་ཀྱི་བསྡོམས་འབོར་དང་ཧ་ལམ་མཚུངས་ཀྱི་ཡོད་པ་རེད།