འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས79པ་གཙོ་སྐྱོང་གནང་ནས་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་སྟེང་ཆེན་རྫོང་དམུ་ཐ་ཤང་དུ་རི་ཉིལ་བའི་དོན་རྐྱེན་ཐོན་པར་བླང་བྱ་བཏོན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་གྱི་སྙན་སེང་ལ་གསན་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝེ་ཤིན་ཀུའེ་དང་། ལིས་གོ་ཅན། ཕུའུ་ཡུས་ཧུའེ། ཝུའུ་ཅན། མིག་ཚེ། ཡང་ཝུན་ཧྲན་བཅས་ཞུགས་ཡོད།
ལའོ་ཆིན་འུའུ་ཡིས་སྟེང་ཆེན་རྫོང་དམུ་ཐ་ཤང་དུ་རི་ཉིལ་བའི་དོན་རྐྱེན་ཐོན་རྗེས། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་དུས་ཐོག་ཏུ་མཆན་བཀོད་མཛུབ་སྟོན་གནང་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་ཐུན་མོང་མཉམ་སྒྲུབ་དང་། དོ་ནན་གྱིས་ཁ་གཏད་གཅོག་པ་བཅས་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱིས་གནོད་འཚེའི་གྱོང་གུད་ཉུང་དུ་བཏང་བའི་ཁར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱུང་ཡོད་ཅེས་བསྟན།
ལའོ་ཆིན་འུའུ་ཡིས་བསླབ་བྱ་བསྡུ་ལེན་དང་ཟུར་བསྟན་ལེབ་མཐོང་གཏིང་ཟབ་བྱེད་པ་དང་། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ། ཕྲེང་འབྲེལ་ཡོངས་ཀྱི་གདུབ་ཟུམ་དོ་དམ་བྱེད་པའིལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ། ཉེན་ཁར་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཏན་ཏིག་གིས་ཤུགས་སྣོན་རྒྱག་པ། འཕྲལ་བསྟུན་རོགས་སྐྱོབ་དང་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་བ། འཕྲལ་བསྟུན་དོ་དམ་ལས་ཀའི་ཆུ་ཚད་མ་ལག་རང་བཞིན་གྱི་སྒོ་ནས་མཐོར་འདེགས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།
འབྲེལ་ཡོད་དོན་ཚན་ཁག་ལ་ཞིབ་འཇུག་བྱས་རྗེས། ལའོ་ཆིན་འུའུ་ཡིས་བོད་སྨན་གསོ་རིག་ཞིབ་འཇུག་དང་མ་འཇོག་ལ་ཤུགས་སྣོན་བརྒྱབ་སྟེ། ཐོན་ལས་དང་། སློབ་གྲྭ། ཚན་རྩལ་ཞིབ་འཇུག་བཅས་ཀྱི་མཉམ་ལས་གཏིང་ཟབ་བཏང་ནས་བོད་སྨན་ཐོན་ལས་ལ་ཚད་བརྒལ་གསར་པ་ཐོབ་པར་སྐུལ་སྤེལ་གཏོང་དགོས། གཞི་རིམ་གྱི་མེ་ཟོན་རུ་ཁག་གི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་གཏོང་བ་དང་། གཞི་རིམ་གྱི་འཕྲལ་བསྟུན་རོགས་སྐྱོབ་རྩ་བ་བརྟན་དུ་བཏང་སྟེ། གཞི་རིམ་གྱི་འཕྲལ་བསྟུན་རོགས་སྐྱོབ་ཀྱི་ཧྲག་དམག་ཞིག་གཏོད་དགོས་པའི་ནན་བཤད་གནང་ཡོད། (ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)