国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年07月04日

གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་ཀའི་མཐུན་སྦྱོར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་ཀའི་མཐུན་སྦྱོར་ཚོགས་འདུ་ཞུགས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་གོ་ཅན་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

ལའོ་ཆིན་འུའུ་ཡིས་ཞིང་འབྲོག་པའི་འབབ་འཕར་ལས་དོན་ནི“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལས་འགན་ཞིག་ཡིན། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་གཏོང་བའི་ལས་ཀའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་ཞིང་འབྲོག་པའི་ཡོང་འབབ་བརྟན་འཇགས་ངང་མཐོར་འདེགས་གཏོང་རྒྱུར་སྐུལ་སྤེལ་གཏོང་བ་དང་། གྲོང་གསེབ་དར་རྒྱས་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་མཁོ་འདོན་བྱེད་དགོས་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་ཆེ་རུ་བཏང་སྟེ། རྩ་འཛུགས་ཅན་གྱི་ཚད་གཞི་མཐོར་འདེགས་གཏོང་རྒྱུ་ཤུགས་རྒྱག་པ་དང་། མ་ལག་རང་བཞིན་གྱིས་ཞིང་འབྲོག་པའི་འབབ་འཕར་གྱི་ལས་ཀའི་སྒྲིག་གཞི་ཆགས་པར་སྐུལ་སྤེལ་བཏང་སྟེ། འབབ་འཕར་གྱི་བྱ་ཐབས་ཁག་གནད་དམིགས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། འགན་ལེན་ལེགས་སུ་བཏང་སྟེ། ཞིང་འབྲོག་པའི་འབབ་འཕར་བསྡོམས་རྩིས་ལྟ་ཞིབ་མ་ལག་འཐུས་ཚང་དུ་འཛུགས་པ་དང་། གྲངས་གཞིའི་དངོས་ཡོད་ཀྱི་བློས་འགེལ་ལ་འགན་ལེན་བྱས་ཏེ་ཐབས་ཇུས་ལ་ནུས་ལྡན་གཞི་འཛིན་ས་མཁོ་འདོན་བྱེད་དགོས། རྣམ་གྲངས་དང་། སྒྲིག་གཞི། སྲིད་ཇུས་བཅས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་རྣམ་གྲངས་མཛོད་ཁང་གི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ལས་ཀའི་སྒྲིག་གཞི་ཆེ་རུ་གཏོང་བ། སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཞིང་འབྲོག་པའི་འབབ་འཕར་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས། སྤྱི་ཚོགས་ཀྱི་མང་ཚོགས་ཚོགས་པའི་རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་ཐག་སྒོས་ལས་ཞུགས་ཀྱི་སྟེགས་བུ་བསྐྲུན་ནས་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཚོགས་སྤྱི་གཙོ་བོའི་ལས་ཞུགས་གནད་དོན་ཐག་གཅོད་པར་ཤུགས་རྒྱག་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། འབྲེལ་ཡོད་ཚན་པ་དང་རྫོང(ཆུས)གིས་སྤེལ་རེས་གཏམ་བཤད་བྱས་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)