འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་དགའ་སྤྲོ་ཆེན་པོས་བསུ་བ་ཞུ་བའི་སྐབས་སུ། ཟླ་6ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད། ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། འཕྲིན་ཡིག་ལ་བལྟས་རྗེས། ལོ་4ཡི་གོང་ཀ་ལ་གྲོང་ཚོར་བསྐྱོད་པའི་སྐོར་དྲན་བྱུང་། མཛེས་ལ་གཙང་སྦྲ་དོད་པའི་གྲོང་ཚོ་དང་སེམས་རྩ་འཁོལ་ལ་བབ་ཆགས་པའི་གྲོང་མི་ཚོས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ལོ་འདི་དག་རིང་གྲོང་ཚོར་སླར་ཡང་འགྱུར་ལྡོག་གསར་པ་བྱུང་བ་དང་ཡུལ་མི་རྣམས་ཀྱི་ཡོང་འབབ་མང་དུ་སོང་བ་ཤེས་སྐབས། ང་ཧ་ཅང་དགའ་པོ་བྱུང་། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཕྲིན་ཡིག་དུ་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་ཚང་མས་བརྗོད་པ་འདི་ཡག་པོ་འདུག རེ་བར་ཁྱེད་ཚོས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་དང་། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་ལེགས་པར་བཏོད་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཟླ་6ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཆེད་མངགས་ཀ་ལ་གྲོང་ཚོར་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་སྟེ། གྲོང་མི་ཡོངས་ལ་འཚམས་འདྲི་གནང་བ་དང་འབྲེལ་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གནང་བ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་མིའི་འཐུས་མི་དང་བཞུགས་མོལ་སྤེལ་རེས་གནང་ནས་གྲོང་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་དགོས་ཤིང་། ཆུ་འཐུང་སྐབས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་དང་ཕྱུག་པོ་ཆགས་རྗེས་གུང་ཁྲན་ཏང་མི་བརྗེད་པར།བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཕྱར་བ་གྲུ་འདེགས་ཀྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཉང་ཆུ་གཙང་འགྲམ་དུ་རྩྭ་རྩི་ཤིང་སྔོ་མདངས་རབ་ཏུ་རྒྱས། ཀ་ལ་གྲོང་ཚོ་བཀོད་པ་ལེགས་ཤིང་སྲང་ལམ་ཚང་མ་གཙང་ལ་གྲལ་སྟར་འགྲིག་པོ་ཡོད། གྲོང་མི་ཚོས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ལ་སྤྲོ་སེམས་འཁོལ་པོས་བསུ་བ་གཟབ་རྒྱས་ཞུ་བཞིན་བདེ་སྐྱིད་ཀྱི་དུས་སྐབས་དེར་མཉམ་དུ་རོལ། ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གཟབ་ནན་ངང་སྒྲོག་སྦྱངས་གནང་བ་དང་འབྲེལ་ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པར་སྤྲད་གནང་སྟེ“དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་དང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད། ང་ཡང་ཁྱེད་ཚོ་དང་འདྲ་བར་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་གསུངས་པར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་སྔོ་ལྗང་རི་ཆུའི་གསེབ་ཏུ་ཡུན་རིང་གྲགས། དེ་གར་ཡོད་པའི་ཡུལ་མི་རྣམས་དགའ་སྤྲོ་དང་། དྲོ་སྐྱིད། བདེ་སྐྱིད་བཅས་ཀྱི་ཁྲོད་བག་ཕེབས་སུ་གནས་ཤིང་། ཨ་སྔོན་སྤྲིན་དཀར་འོག་གི་ཡུལ་མི་ཚོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ལུས་པོ་ཀ་ལ་གྲོང་ཚོར་གནས་ཀྱང་སེམས་པ་པེ་ཅིང་གྲོང་ལ་ཕྱོགས་པའི་དྲིན་ཚོར་བསམ་པ་མཚོན།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་ཡིག་འབྲུ་རེ་རེ་ནས་མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་གཅེས་པའི་བརྩེ་སེམས་ཟབ་མོ་མངོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་མངོན་པ་མ་ཟད། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་ཟབ་མོ་ཡང་འདུས་ཡོད། དེ་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་ཆེན་པོ་གནང་བ་ཞིག་རེད་ལ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་ནུས་ལྡན་ཞིག་ཀྱང་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ནན་ཏན་ལེན་པ་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཀ་ལ་གྲོང་ཚོའི་ཏང་ཀྲི་པུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སྔོན་ལ་སློབ་སྦྱོང་ཡག་པོ་དང་གོ་བ་ཡག་པོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་དང་བརྩེ་བ་ཟབ་མོ་འཆང་གནང་བ་གཏིང་ཟབ་ཚོར་བར་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། དར་ཆ་གསལ་སྟོན་གྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བཀའ་དྲིན་ཤེས་པ་དང་། བཀའ་དྲིན་ཚོར་བ། བཀའ་དྲིན་འཇལ་བ་བཅས་ཀྱི་བསམ་པའི་ཐོག་ནས་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ། དེ་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་ཐུགས་རེར་དྲིན་ལན་འཇལ་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་ཁ་གསལ་བཟོས་གནང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་མགྱོགས་མྱུར་བྱེད་པའི་འཐབ་ཇུས་ལས་འགན་བཀོད་སྒྲིག་གནང་ཡོད། གུང་ཁྲན་ཏང་གི་བྱ་གཞག་ནི་འབད་འཐབ་བྱས་ནས་གྲུབ་པ་ཞིག་རེད། ཀ་ལ་གྲོང་ཚོའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་ཀྱི་དཔེ་མཚོན་ཞིག་ཀྱང་རེད། དེས་ན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དེ་བས་དཀའ་སྤྱད་ངལ་རྩོལ་དང་དེ་བས་ལས་དོན་ཧུར་ཐག་བསྒྲུབས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་ཀྱིས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ཡོང་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། བོད་ཀྱི་ལས་དོན་ཁག་ཆུ་ཚད་གསར་པར་མཐོར་འདེགས་ཧུར་ཐག་གཏོང་དགོས། “མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རིག་གནས་ཁྱིམ་གཞིས་སྐྲུན་པ་བཅས་བྱས་ནས། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། “དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མང་ཚོགས་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། “གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལག་ལེན་ནན་པོ་བསྟར་ཏེ་མཚོ་བོད་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཀླུང་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། “‘ཁམ་བུའི་མེ་ཏོག་གྲོང་ཚོའི’སྤུས་རྟགས་དེ་བས་ལེགས་པར་གཏོད་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ཀ་ལ་གྲོང་ཚོ་ནི་ཁམ་བུའི་མེ་ཏོག་ལ་བརྟེན་ནས་སྐད་གྲགས་ཆོད་པ་ཞིག་ཡིན་པས། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་གཏོད་པར་ཤུགས་སྣོན་རྒྱག་པ་དང་། རིག་གནས་ཡུལ་སྐོར་གྱི“གསེར་གྱི་མིང་བྱང”ལེགས་པར་གཏོད་པ། ཀ་ལ་གྲོང་ཚོ་འདི་ཉིད“མི་ཡུལ་གྱི་ཁམ་བུའི་དགའ་ཚལ”དུ་དངོས་འབྲེལ་འགྱུར་བར་བྱེད་པ། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བཅས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། “དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་མགྱོགས་པོ་བཏང་སྟེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཧུར་ཐག་བྱེད་དགོས།
ཝང་ཅུན་ཀྲེང་གིས་གསུངས་དོན། “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད” ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཤུགས་ཆེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་བྱམས་སྐྱོང་དང་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་གཞི་རིམ་དང་མང་ཚོགས་ཁྲོད་དུ་དྲིལ་བསྒྲགས་བྱས་ཏེ། ཚང་མས་ཤེས་པ་དང་སེམས་ལ་ཟབ་མོ་ཟུག་པར་འགན་ལེན་བྱེད་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་འཕེལ་བར་བྱས་ཐོག་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཀོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས།
བཞུགས་མོལ་ཚོགས་འདུ་གྲོལ་རྗེས། ཝང་ཅུན་ཀྲེང་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། འབྲུ་མཛོད་ནང་འབྲུ་རིགས་བྱུར་པོར་བཀང་བ་དང་། ཁང་པའི་ནང་ནང་ཆས་དང་གློག་ཆས་གང་དགོས་འཛོམས་པ། གྱང་ངོས་སུ་ཕྲུ་གུ་ཚོའི་བྱ་དགའི་ལག་ཁྱེར་སྣ་ཚོགས་སྦྱར་བ། བཏུས་མ་ཐག་པའི་ཀྭ་རིགས་དང་ཤིང་ཏོག་གི་དྲི་ཞིམ་ལྷང་ལྷང་དུ་འཐུལ་བ་བཅས་ཟླ་བ་རྒྱལ་མཚན་ཁྱིམ་གྱི་འཚོ་བ་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པ་ཞིག་ཡོད། ཝང་ཅུན་ཀྲེང་གིས་ཟླ་བ་རྒྱལ་མཚན་ལ་ཕྱག་གཏོང་བཞིན“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་གནང་འདུག དེ་རིང་ང་རང་ཆེད་མངགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱེད་པ་དང་འབྲེལ་ཁྱེད་ཚོར་ལྟ་བར་ཡོང་བ་ཡིན། ཁྱེད་ཚོའི་ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་དང་། ཕྲུ་གུ་ཚོའི་སློབ་སྦྱོང་ཡར་རྒྱས་བྱུང་བ། ཁྱིམ་ཚང་གི་འཚོ་བ་ཇེ་ལེགས་སུ་འགྲོ་བ་བཅས་མཐོང་སྐབས་ང་རང་དགའ་ཚོར་ཆེན་པོ་བྱུང”ཞེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས། ང་ཚོ་ཚང་མ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་པ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། བོད་ལྗོངས་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ནས་ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཇེ་ལེགས་སུ་གཏོང་ཐུབ་པའི་གདེང་ཚོད་དང་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས། ཀ་ལ་གྲོང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གི་སྲིད་ཇུས་བཟང་པོ་དང་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བྱུང་བ་ཞིག་རེད། སླད་ཕྱིན་ཡུལ་མི་ཡོངས་ཀྱིས་རང་ཉིད་ཀྱི་མྱོང་བ་དང་ཟུང་འབྲེལ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། ཡུལ་མི་དེ་བས་མང་བ“ཁམ་བུའི་མེ་ཏོག”གི་ཐོན་ལས་འཁོར་འབྲེལ་བརྒྱུད་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་ཞུགས་ཡོད་པ་རེད།