国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月27日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་སུ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་སུ་ཕེབས་ཏེ། སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་སྐུལ་འདེད་བཏང་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད།

སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་དང་། འགྲོ་གྲོན་ས་ཚིགས་བཅས་སུ། ལའོ་ཆིན་འུའུ་ཡིས་དམངས་བདེ་ཞབས་ཞུའི་བྱ་ཐབས་ཕན་འབྲས་དང་གཙོ་གནད་རྣམ་གྲངས་སྐུལ་འདེད་ལས་དོན་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་བྱས་ཡོད། རྟོག་ཞིབ་གནང་རིང་། ལའོ་ཆིན་འུའུ་ཡིས་སྡོད་ཁང་འཛུགས་སྐྲུན་ལས་དོན་སྙན་སེང་ལ་གསན་པ་དང་། སྡོད་ཁང་འཛུགས་སྐྲུན་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས་སྡོད་ཁང་འཛུགས་སྐྲུན་ལས་དོན་ནི་སྤྱི་ཚོགས་ཀྱི་མ་ལག་རང་བཞིན་གྱི་འདུ་འགོད་འདུས་གྲུབ་ཞིག་ཡིན་པས་གྲོང་ཁྱེར་འཕེལ་རྒྱས་དང་དམངས་འཚོ་བདེ་རྩ་དང་འབྲེལ་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་གསར་སྒྱུར་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་བར་སྟོང་བཀོད་སྒྲིག་ལེགས་གཏོང་། གྲོང་ཁྱེར་གྱི་བྱེད་ནུས་སྤུས་ཚད་མཐོར་འདེགས་བཅས་གཏོང་དགོས། གྲོང་ཁྱེར་གྱི་ཆུ་སྙིགས་དང་། གད་སྙིགས་ཐག་གཅོད་བྱེད་པའི་སྒྲིག་ཆས་རིམ་སྤོར་མགྱོགས་སུ་བཏང་སྟེ། ས་འོག་སྦུག་དྲའི་མ་ལག་སྒྱུར་བཀོད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། ཕྱོགས་བསྡུས་བཅོས་སྐྱོང་ཕན་འབྲས་མཐོར་འདེགས་བཅས་གཏོང་དགོས། ས་ཁང་བདག་ཁོངས་བྱེད་པའི་ཁྲོམ་རའི་འགྱུར་སྟངས་ལྟ་ཞིབ་དང་དབྱེ་ཞིབ་ཆེ་རུ་བཏང་སྟེ། ཉར་ཚད་གསོན་སྒྱུར་གྱི་ཐོན་ཁུངས་གནད་འཕིགས་ཇུས་འདོན་བྱེད་པ་དང་། འཁྲུག་པོའི་སྲིད་ཇུས་དང་གསར་གཏོད་ཀྱི་བྱ་ཐབས། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་ཉམས་ཞན་ཚོགས་སྤྱིའི་སྡོད་ཁང་ཆ་རྐྱེན་ཧུར་ཐག་ངང་ལེགས་སུ་བཏང་ནས་ཁོ་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)