འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཟླ་དང་པོ་ནས་ལྔ་པའི་བར་གྱི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་དབྱེ་ཞིབ་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝེ་ཤིན་ཀུའེ་ཡིས་གཙོ་སྐྱོང་ཞུས་ཡོད། གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཅན་ཧྭ་དང་། ལིས་གོ་ཅན། ཝུའུ་དབྱིང་ཧའེ། ཕུའུ་ཡུས་ཧུའེ། མིག་ཚེ། ཐོགས་མེད་ཤེས་རབ། སྒྲོལ་མ་ཆོས་སྐྱིད་བཅས་ཞུགས་ཡོད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གནང་བའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཟླ་དང་པོ་ནས་ལྔ་པའི་བར་གྱི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་སྙན་སེང་ལ་གསན་པ་རེད།
ལའོ་ཆིན་འུའུ་ཡིས་ཟླ་དང་པོ་ནས་ལྔ་པའི་བར་གྱི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་གནོན་ཤུགས་ཁྲོད་བརྟན་དུ་ཕྱིན་པ་དང་། བཟོ་ལས་དཔལ་འབྱོར་འཕར་སྣོན་ཤུགས་ཆེན་བྱུང་བ། འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་འཕར་བ། ནོར་སྲིད་ཀྱི་གཏོང་ཡོང་འཁོར་སྐྱོད་བརྟན་པོ་བྱུང་བ། ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད། མིག་སྔར་དུས་ཚིགས་གཉིས་པའི་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པས་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་དུས་ཚོད་ཐུང་བ་དང་ལས་འགན་ལྕི་པོ་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས་འཕར་སྣོན་བརྟན་པོ་ཡོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། ནོར་སྲིད་ཀྱི་གཏོང་ཡོང་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་ནས་ལོ་སྟོད་ཀྱི་དཔལ་འབྱོར་གྱི་དམིགས་ཚད་གལ་ཆེན་ཁག་དུས་ཐོག་ཏུ་འགྲུབ་ཐུབ་པའི་འགན་ལེན་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་ཆེད་རྨང་གཞི་འདིང་དགོས་ཞེས་བསྟན་ཡོད།
ལའོ་ཆིན་འུའུ་ཡིས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་བཤེར་དཔྱད་ཞིབ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། གྲངས་གཞི་གཅིག་གྱུར་ཡོང་བ་བྱེད་པ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ཏེ“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུར”ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། (ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)