འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས17ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ནུབ་རྒྱུད་གཏེར་ལས་ཚོགས་པའི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཝང་ཧའེ་ཧྥུང་དང་བཞུགས་མོལ་གནང་བ་རེད།
ཀྲོང་ཅིན་སུང་གིས་ཝང་ཧའེ་ཧྥུང་དང་བཅས་པར་དགའ་བསུ་ཞུས་པ་དང་། ནུབ་རྒྱུད་གཏེར་ལས་ཚོགས་པས་དུས་ཡུན་རིང་པོའི་ནང་ཆབ་མདོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ནུབ་རྒྱུད་གཏེར་ལས་ཚོགས་པས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཞིང་། ཚོགས་པའི་ཡན་ལག་ཀུང་ཟི་གཡུ་ལུང་ཟངས་གཏེར་ནི་ཆབ་མདོའི་བཟོ་ལས་དང་ཁེ་ལས་ཕུལ་བྱུང་གི་འཐུས་ཚབ་ཞིག་ཡིན། མིག་སྔར། ཆབ་མདོ་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ནུབ་རྒྱུད་གཏེར་ལས་ཚོགས་པ་དང་སྔར་བས་མཉམ་ལས་གཏིང་ཟབ་གཏོང་བ་དང་ལག་གདང་སྦྲེལ་ཏེ་འཕེལ་རྒྱས་འགྲོ་བར་རེ་སྒུག་བྱེད་བཞིན་ཡོད།
ནུབ་རྒྱུད་གཏེར་ལས་ཀྱིས་ལག་རྩལ་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ། གཏེར་སྙིགས་བེད་སྤྱོད་གསར་སྤེལ་བྱེད་པའི་འཁོར་སྐྱོད་དཔལ་འབྱོར་གྱི་ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་གཡུ་ལུང་ཟངས་གཏེར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། ད་ཡོད་ཀྱི་ཐོན་ཁུངས་ལ་བརྟེན་ནས“ལྗང་མདོག་གཏེར་ལས”བརྗོད་དོན་གཙོ་བོར་བཟུང་བ་དང་། “དམར་མདངས་སློབ་གསོ”གཞི་རྩ་བྱེད་པ། “ཟས་སྡོད་འགྲོ་སྐྱོད་དང་། ཡུལ་སྐོར། ཉོ་འཚོང་། སྤྲོ་གསེང”བཅས་རྒྱུ་རྐྱེན་དྲུག་འདེགས་སྐྱོར་བྱས་པ་བརྟེན་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གཏོད་དེ། དམར་མདངས་ཐོན་ཁུངས་དང་ལྗང་མདོག་འཁོར་རྒྱུག་གི་གཅིག་ལ་གཅིག་བརྟེན་ལ་སྐུལ་སྤེལ་བཏང་ནས་ཁེ་ལས་སྟོབས་ལྡན་དང་། ས་གནས་འཕེལ་རྒྱས། མང་ཚོགས་འབབ་འཕར་བཅས་ཀྱི་ཁེ་ཕན་མང་བའི་རྣམ་པ་ཞིག་ཆགས་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཝང་ཧའེ་ཧྥུང་གིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ནུབ་རྒྱུད་གཏེར་ལས་ཚོགས་པས་ཆབ་མདོའི་དགོས་མཁོ་དང་། ཁེ་ལས་ཀྱི་ནུས་ཚོད་ལ་གཞི་ཚུགས་ཏེ་ལྗང་མདོག་གཏེར་རི་དང་ལྗང་མདོག་བཟོ་གྲྭ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་སྟེ་ཕྱོགས་གཅིག་གི་དཔལ་འབྱོར་སྐུལ་སྤེལ་གཏོང་བ་དང་ཕྱོགས་གཅིག་གི་མི་སེར་ལ་ཕྱུག་འགྱུར་ཡོང་བར་བྱས་ནས་ཧུར་ཐག་གིས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན།
གྲོང་ཁྱེར་འགོ་ཁྲིད་ལིས་གོ་ཅན་དང་། ཅཱ་ཤིན་ཡུས་རྣམ་གཉིས་བཞུགས་མོལ་ཚོགས་འདུ་ཞུགས་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)