国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月20日

ཕུལ་བྱུང་གི་ཤེས་ལྡན་པ་འབུར་དུ་ཐོན་པར་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་དགོས།

མི་རིགས་ཤིག་དང་། རྒྱལ་ཁབ་ཅིག ས་ཁུལ་ཅིག་བཅས་དར་རྒྱས་ཡོང་་མིན་གྱི་འགག་རྩ་ནི་ཤེས་ལྡན་པར་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤེས་ལྡན་པའི་ལས་དོན་ལ་དམིགས་ནས་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་དང་། དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ནས། ང་ཚོར་ཤེས་ལྡན་པའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུགས་ཀྱི་ལྟ་ཕྱོགས་ནས་འགོ་བཙུགས་ཏེ་ལྟ་བ་གསར་བརྗེ་དང་། ལེགས་སྤེལ་ཉེས་འགོག ལེགས་ཆ་འདོན་སྤེལ་བཅས་མཐའ་འཁྱོངས་ཀྱིས་ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པར་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་ནས། ཐབས་བརྒྱ་ཇུས་སྟོང་ངང་ཕུལ་བྱུང་ཤེས་ལྡན་པ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འབད་འཐབ་རླབས་པོ་ཆེའི་ཁྲོད་གཅིག་འདུས་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྤྱད་ནས་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་དམིགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གཏིང་ཟབ་པའི་གནད་དོན་ལ་དམིགས་ནས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་པ་དང་། ཏང་ཨུད་ཀྱི་ཤེས་ལྡན་པའི་ལས་དོན་ཚོགས་འདུ་འཚོགས་ནས། 《དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》བཏོན་ཏེ“གསོ་སྐྱོང་དང་། གདན་ཞུ། བཀོལ་སྤྱོད། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་བཀོད་སྒྲིག་ལག་བསྟར་བྱས་ནས་ཤེས་ལྡན་པའི་ལྗོངས་སྟོབས་ཆེན་གྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔར། བོད་ཀྱི་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ནས། ཕུལ་བྱུང་ཤེས་ལྡན་པ་སྔར་བས་མང་བ་བོད་དུ་ལས་སྒྲུབ་ལས་གཏོད་དང་བློ་གྲོས་ལེགས་སྐྱེས་སུ་འབུལ་བར་ཡོང་སྟེ་ཤེས་ལྡན་པའི་གྲངས་འབོར་སྔར་བས་མང་དུ་དང་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།

མི་འདེམས་སྤྱོད་ཀྱི་མཐོང་རྒྱ་དང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་འབུར་དུ་ཐོན་པའི་ཡིད་དབང་བཀུག་ཡོད། རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་འཇོན་ནུས། མང་ཚོགས་ཀྱི་རེ་སྒུག་བཅས་ལ་དམིགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འཕྲལ་མཁོ་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་ཤེས་ལྡན་པའི་ཆེད་ལས་དཀར་ཆག་བཟོ་བར་ཞིབ་འཇུག་བྱས་ནས། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་ལས་སོགས་གཙོ་གནད་ཐོན་ལས་དང་དམངས་འཚོའི་བྱ་གཞག་ཐད་ཤེས་ལྡན་པ་གདན་ཞུའི་ལས་གནས་ཁྱབ་བསྒྲགས་མངོན་གསལ་དོད་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཁོ་བའི་ཕུལ་བྱུང་ཤེས་ལྡན་པ་སྣ་ཚོགས་འགུགས་ཐབས་ཤུགས་ཆེན་བྱས་ཡོད། མཐོ་སློབ་ཀྱི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ནས་བོད་ཀྱི་མཐོ་རིམ་སློབ་གསོའི་རིམ་པ་དང་རིགས་དང་། རིག་ཚན་དང་ཆེད་ལས་ཀྱི་གྲུབ་ཆ་ལེགས་སུ་བཏང་བ་དང་། རང་བྱུང་རིག་པ་དང་། བཟོ་སྐྲུན་རིག་པ། ཞིང་ལས་རིག་པ། གསོ་བ་རིག་པ་བཅས་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། བོད་ཀྱི་མཐོ་སློབ་ཀྱི་རང་བྱུང་རིག་པ་དང་། བཟོ་སྐྲུན་རིག་པ། ཞིང་ལས་རིག་པ། གསོ་བ་རིག་པ་བཅས་ཀྱི་སློབ་ཁུངས་དཀྱུས་མའི་སློབ་བསྡུའི་བསྡུར་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་པ་དང་། བོད་ཀྱི་རྩལ་ནུས་ཤེས་ལྡན་པའི་བསྡོམས་འབོར་གྱིས་ལས་ཞུགས་མི་སྣའི་ཁྲོད་དུ་བཟུང་ཚད་20%ལས་བརྒལ་ཡོད། ཁ་གཏད་རོགས་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ“ཚོགས་པས་ཚོགས་པ་ཁྲིད་པ་དང་། དགེ་རྒན་གྲགས་ཅན་གྱིས་རྐང་འཛིན་པ་ཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”བཅས་བརྒྱུད། 2022ལོ་ནས་བཟུང་ས་གནས་རང་གི་ཚོགས་པ་400ལྷག་ཙམ་ལ་རོགས་ཁྲིད་བྱས་པ་དང་ས་གནས་རང་གི་ཤེས་ལྡན་པ་4000ལྷག་ཙམ་གསོ་སྐྱོང་བྱས་ཡོད། རང་འགུལ་ངང“ཕྱིར་བསྐྱོད”དེ་ཤེས་ལྡན་པ་འཚོལ་བ་དང་འདྲི་རྩད་བྱས་ནས། པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་དང་། ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་མཐོ་སློབ་ཏུ་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་བྱེད་སྒོ་མང་པོ་གཉེར་བ་རེད། རྣམ་གྲངས་ལ་བརྟེན་ནས་ཤེས་ལྡན་པ་གཅིག་སྡུད་བྱེད་པ་དང་ཤེས་ལྡན་པར་བརྟེན་ནས་རྣམ་གྲངས་ལ་སྐུལ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། ལོ་གཉིས་བསྟུད་མར“གཉིས་འགུགས་གཉིས་འདྲེན”གྱི་གཅིག་སྡུད་གན་རྒྱ་འཇོག་པའི་བྱེད་སྒོ་སྤེལ་ཡོད། “ཁས་ལེན་གཙོ་འགན”གྱི་མིང་ཐོ་33ཁྱབ་བསྒྲགས་བྱས་ནས་ཀྲུང་གོ་ཚན་རིག་ཁང་དང་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་སོགས་ཚན་རིག་ཞིབ་འཇུག་ཚན་པ་དང་མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་ཚོགས་པ་མང་པོ“ཁས་ལེན”བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད། 2021ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན་རིམ་པ་མཐོ་བའི་ཤེས་ལྡན་པ་430ལྷག་ཙམ་དང་འཕྲལ་མཁོ་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་ཤེས་ལྡན་པ་480ལྷག་ཙམ་གདན་ཞུ་བྱས་ཡོད།

སྤྱི་ཚོགས་ཡོངས་སུ་ཤེས་ལྡན་པར་བརྩི་བཀུར་དང་། དགའ་ཞེན། གཅེས་སྤྲས་བཅས་ཀྱི་རྣམ་པ་བཟང་པོ་བསྐྲུན་ནས་ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པར་སྐུལ་འདེད་བཏང་ཞིང་། ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་རིགས་གཅིག་མཁས་ཅན་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྣ་མང་ཅན་གྱི་ཤེས་ལྡན་པའི་མ་དངུལ་གཏོང་སྤྲོད་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལས་སྟེགས་དང་ཤེས་ལྡན་པའི་དུས་འཁོར་ཧྲིལ་པོའི་ཞབས་ཞུའི་མ་ལག་བཏོད་ཡོད། རིགས་གཅིག་མཁས་ཅན་དང་ཕུལ་བྱུང་ཤེས་ལྡན་པ་གདན་ཞུ་བྱས་ནས་བློ་འདྲི་བའི་འགན་ཁུར་བ་དང་སྲིད་ཇུས་གཏན་འབེབས་དང་རྣམ་གྲངས་རིགས་པས་ཁུངས་སྐྱེལ་ནང་ཞུགས་ནས་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་གཟི་ལྡན་གྱི་བསམ་པ་དང་ཐོབ་སྣང་ཆེ་རུ་བཏང་ཡོད། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཤེས་ལྡན་པ་གདན་ཞུའི་རང་བདག་དབང་ཆ་ས་ཁུལ་དང་གྲོང་ཁྱེར་དང་། མཐོ་སློབ། ཚན་ཞིབ་ཁང་། སྨན་ཁང་བཅས་ཁག་གཅིག་ལ་གཤམ་སྤྲོད་བྱས་ནས་ནུས་ལྡན་གྱི་ལྟ་འདོམས་ལམ་སྲོལ་བཙུགས་ཏེ་གཏོང་ཐུབ་པ་དང་། དང་ལེན་བྱེད་ཐུབ་པ། བེད་སྤྱོད་ཡག་པོ་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད། “ཁོ་ན་བཞི་མེད་པར་བཟོ་བ”དང“ཚད་གཞི་གསར་པ་འཛུགས་པ”གཉིས་མཉམ་སྤེལ་མཐའ་འཁྱོངས་བྱས་ཏེ། ཤེས་ལྡན་པའི་གདེང་འཇོག་མ་ལག་མགྱོགས་མྱུར་བཙུགས་པ་དང་། ཤེས་ལྡན་པའི་སྔོན་ཐོན་དཔེ་མཚོན་ལ་བྱ་དགའ་ཤུགས་ཆེན་སྤྲད་ནས་གཟེངས་བསྟོད་དང་འདེམས་གཏོད་ཤུགས་ཆེན་བྱས་ཤིང་། རྒྱ་ཆེའི་ཚན་ཞིབ་ལས་དོན་པ་དང་ཕུལ་བྱུང་ཤེས་ལྡན་པས་དཔྱད་རྩོམ་ས་མཐོའི་ས་གཞི་དང་ཐོན་སྐྱེད་ཀྱི་འཐབ་ས་མདུན་མར་འབྲི་རྒྱུར་ཁྲིད་སྟོན་བྱས་ཡོད། ཚན་ཞིབ་མི་སྣའི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ནས་ཚན་ཞིབ་མི་སྣར་ཆེད་ལས་ཤེས་བྱ་མཐོར་གཏོང་གི་དུས་ཚོད་དང་ནུས་ཤུགས་དེ་བས་མང་བ་ཡོད་པར་བྱས་ཡོད། ཉེ་བའི་ལོ་གསུམ་རིང་། རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས103ཟིན་ནས་ལྡབ་3འཕར་བ་དེའི་ནང་གཙོ་གནད་ཚོད་ལྟ་ཁང་42ཟིན་ནས་ལྡབ་གཅིག་ཙམ་འཕར་ཡོད།

འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྤྱོད་སྟོན་ཕྱོགས་གསལ་པོར་བཙུགས་ཏེ་ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་ཐུབ་པའི་འགན་ལེན་བྱས་ཤིང་། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མི་རིགས་ས་ཁུལ་གྱི་ལས་བྱེད་པས“ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པ་དང་། ཡིན་མིན་ཆེན་པོ་གསལ་འབྱེད་བྱེད་པའི་ལངས་ཕྱོགས་ཧ་ཅང་གསལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བྱ་སྤྱོད་ཤིན་ཏུ་ཐག་ཆོད་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཤིན་ཏུ་ཟབ་མོ”བཅས་ཀྱི་ཆབ་སྲིད་ཀྱི་ཚད་གཞི་གཞིར་བཟུང་། བརྟན་ལྷིང་སྲུང་སྐྱོང་གི་མདུན་གྲལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་གྲལ་དུ་ཤེས་ལྡན་པ་ཤེས་རྟོགས་དང་། གསོ་སྐྱོང་། འདེམས་བསྐོ། བཀོལ་སྤྱོད་བཅས་བྱེད་པར་མཐོང་ཆེན་བྱས་ནས་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་པ་40ལྷག་ཙམ་ས་གནས་དང་ཐིང་རིམ་པའི་འགོ་ཁྲིད་ལས་གནས་སུ་གོ་གནས་སྤར་བ་དང་། ཡིད་ཆེས་རྨང་གཞིར་བྱས་པའི་ཤེས་ལྡན་པ་བཀོལ་སྤྱོད་ཀྱི་ལམ་སྲོལ་བཙུགས་ནས་རིམ་པ་མཐོ་བའི་ཕུལ་བྱུང་ཤེས་ལྡན་པ་80ལྷག་ཙམ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་ཚན་རིག་ཞིབ་འཇུག་ལས་སྟེགས་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་འགན་འཁུར་བའམ་ཡང་ན་ཚན་རྩལ་རྣམ་གྲངས་ཀྱི་འགན་འཁུར་བར་བསྐོ་གཞག་བྱས་པ། ཚན་རྩལ་རྐང་འཛིན་ཤེས་ལྡན་པ་2100ལྷག་ཙམ་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རྩལ་རྣམ་གྲངས་ནང་ཧུར་ཐག་ཞུགས་ནས་རིགས་ཁག་གི་ཤེས་ལྡན་པས་བྱང་ཆུབ་པའི་ཁྱབ་ཁོངས་དང་ཆེད་ལས་ལས་གནས་སུ་གྲུབ་འབྲས་མང་པོ་དང་ཡག་པོ་གཏོད་པར་སྐུལ་འདེད་བཏང་ཡོད། གཞོན་དར་རྐང་འཛིན་ཤེས་ལྡན་པ་600ཙམ“ནུབ་རྒྱུད་འོད་སྣང”དང“བོད་ཀྱི་དམིགས་བསལ་གསོ་སྐྱོང”ལ་མངགས་ནས་ལྗོངས་ཕྱིར་སློབ་སྦྱོང་དང་ཞིབ་སྦྱོང་ལ་བཏང་ཡོད། 2021ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་པ་10ལྷག་ཙམ་རྒྱལ་ཁབ་རིམ་པའི་ཤེས་ལྡན་པའི་འཆར་གཞིར་བདམས་པ་དང་། 2023ལོར་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས་པ་རེད།

2025ལོའི་ཟླ་5ཚེས་2ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་ནང་རྒྱ་ཆེའི་གཞོན་ནུ་ཚོར“མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བསྐྱོད་དེ་རང་ནུས་ཧུར་ཐག་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་སྐུལ་ལྕག་གནང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས། ཤེས་ལྡན་པ་དང་ལྷག་པར་དུ་གཞོན་ནུ་ཤེས་ལྡན་པ་དེ་བས་མང་བ་གངས་ལྗོངས་ས་མཐོར་བྱས་རྗེས་འཇོག་པར་ཡོང་བའི་ཡིད་དབང་བཀུག་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་དེ་བས་ཆེ་བ་བསྣན་ཡོད།

(《འོད་ཟེར་ཚགས་པར》གྱི་2025ལོའི་ཟླ་6ཚེས་17ཉིན་གྱི་པར་ངོས་བཞི་པ་ནས་བརྒྱུད་འགོད་བྱས་པ)