འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་ཡིག་ཆ་དང་རྒྱལ་ཡོངས་ཀྱི་དྲ་རྒྱའི་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་གྲོང་ཁྱེར་ཡོངས་ཀྱི་དྲ་རྒྱའི་ལས་དོན་སྙན་སེང་ལ་གསན་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད།
ཀྲོང་ཅིན་སུང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་གྲོང་ཁྱེར་ཡོངས་ཀྱི་དྲ་རྒྱའི་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་།
ཁོང་གིས་རིམ་པ་ཁག་དང་ཚན་པ་ཁག་གིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”དམིགས་ཚད་དམ་པོར་དམིགས་ཏེ། སྤྱོད་ཚུལ་ལེགས་གཏོང་གི་ཕན་འབྲས་གསར་པའི་ཐོག་ནས་སྤུས་ཚད་མཐོན་པོས་དྲ་རྒྱའི་གྲོང་ཁྱེར་སྟོབས་ཆེན་འཛུགས་སྐྲུན་བྱས་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ཞབས་ཞུ་གང་ལེགས་བསྒྲུབ་དགོས།
མི་སེམས་གཅིག་སྒྲིལ་ཐད་ཤུགས་རྒྱག་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་ཉམས་བཟང་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དྲ་རྒྱའི་བརྒྱུད་བསྒྲགས་གཏིང་ཟབ་ཏུ་བཏང་ནས་དྲ་ཐོག་ནས་རྟེན་འབྲེལ་ཆེ་མོའི་ལས་དོན་བསྒྲུབ་ནས་སྤུས་ལེགས་ཀྱི་ཁྲིད་སྟོན་བརྟན་པོ་འཛུགས་དགོས།
འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་ཐད་ཤུགས་དགོས་ཤིང་། དྲ་རྒྱའི་ཁྱབ་སྒྲོག་ནུས་ཤུགས་དང་། ཡིད་འགུགས་ནུས་པ། ཤུགས་རྐྱེན་ནུས་པ་མཐོར་འདེགས་བཏང་ནས་རང་ཉིད་གཙོ་བོར་བྱས་ཏེ་གྲོས་གཞི་བཀོད་སྒྲིག་དང་གཙོ་ཁྲིད་ཀྱི་གླེང་ཕྱོགས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་དགོས།
ཁྲིམས་ལྟར་དོ་དམ་ལ་ཤུགས་དགོས་ཤིང་། དྲ་ཐོག་ནས་དོ་དམ་གང་ཞིག་བྱེད་པ་དང་དྲ་ཐོག་ནས་གང་ཞིག་དོ་དམ་བྱེད་པ་མཐའ་འཁྱོངས་བྱས་ཏེ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་ཚང་དང་དྲ་རྒྱའི་བར་སྟོང་ཁྲིམས་ལྟར་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
དོགས་ཟོན་དང་ཐག་གཅོད་ཐད་ཤུགས་དགོས་ཤིང་། དྲ་རྒྱའི་ཉེན་ཁ་ཚད་ལེན་དང་དཔྱད་དཔོག་གི་སྔོན་བརྡའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཁུལ་གྱི་གནས་ཚུལ་དང་མི་དམངས་ཀྱི་རེ་འདོད། གླེང་ཕྱོགས་ཀྱི་འགྱུར་སྟངས་དབྱེ་ཞིབ་བཅས་ལ་ཤུགས་སྣོན་བརྒྱབ་ནས་དྲ་དམངས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་པ་དང་། རྐྱེན་ངན་རྩ་བ་ནས་མེད་པར་བཟོས་ནས་མི་དམངས་མང་ཚོགས་ཀྱིས་དྲ་རྒྱའི་བར་སྟོང་གི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་གཏོང་དགོས་པའི་ནན་བཤད་གནང་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)