འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བྲག་གཡབ་རྫོང་གིས་སློབ་སྔོན་སློབ་གསོ་ཁྱབ་གདལ་གཏོང་བའི་འགག་རྩའི་གོ་སྐབས་དམ་པོར་བཟུང་ནས་རྫོང་ཡོངས་ཀྱི་སློབ་གསོ་སྤུས་དག་འཕེལ་གྱི་གྲུབ་འབྲས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། རང་རེའི་གྲོང་ཁྱེར་གྱི་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་ཐོབ་པའི་རྫོང་གསུམ་ནང་གི་གཅིག་དེ་ཆགས་ཡོད་ལ། རང་རེའི་གྲོང་ཁྱེར་གྱི་སློབ་སྔོན་སློབ་གསོ་སྤུས་དག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན་པ་རེད།
བྲག་གཡབ་རྫོང་གི་བྱིས་པ་ཁང་དང་པོའི་གཅེས་སེམས་སྐྱེད་སའི་ཁུལ་དུ་ན་ཆུང་བྱིས་པ་ཚོས་བྱིས་པ་ཁང་གི་སློབ་གོས་གྱོན་ནས་ཞི་ཞིང་དུལ་བའི་དགེ་རྒན་གྱི་ཁྲིད་སྟོན་འོག་བློ་རྩེ་གཅིག་སྒྲིམ་ངང་ཡུར་མ་ཡུར་བཞིན་ཡོད་པ་རེད། དགེ་རྒན་གྱི་སྣེ་ཁྲིད་འོག་ནས་ཕྲུ་གུ་ཚོས་རྩྭ་ངན་རྣམས་ཇི་ལྟར་བཞིན་དབྱེ་འབྱེད་ཤེས་པར་མ་ཟད། ངལ་རྩོལ་གྱི་དཀའ་ལ་སྤྲོ་བའི་སྣང་བ་དངོས་སུ་མྱོང་རོལ་ཐུབ་ཡོད། དེ་ནི་རྣམ་པ་གསར་རྐྱང་གི་ངལ་རྩོལ་ལག་ལེན་གྱི་སློབ་ཚན་ཞིག་ཡིན་པར་མ་ཟད། བྲག་གཡབ་རྫོང་གི་སློབ་སྔོན་སློབ་གསོ་ཚོགས་པས“བྱིས་པའི་ཡར་རྒྱས་རྩ་བར་འཛིན་པའི”སློབ་གསོའི་འདུ་ཤེས་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཡིན་པ་རེད།
སློབ་སྔོན་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་། བྲག་གཡབ་རྫོང་གིས་འཚོལ་ཞིབ་བྱེད་ཕོད་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་སློབ་སྔོན་སློབ་གསོ་ཚོགས་པའི་རང་བཞིན་གྱི་བྱིས་པ་ཁང་གཉེར་སྟངས་ལག་བསྟར་བྱས་ཤིང་། 2019ལོར་ཚོགས་པ་འདི་བཙུགས་ཚུན།“དོ་དམ་མཉམ་བྱེད་དང་སློབ་ཚན་མཉམ་སྒྲིག ཐོན་ཁུངས་མཉམ་སྤྱོད། དགེ་རྒན་མཉམ་སྐྱོང”བཅས་ཀྱི་དོ་དམ་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱས་ནས། རྫོང་ཁོངས་ཀྱི་སློབ་སྔོན་སློབ་གསོ་སྤུས་དག་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཚོགས་པ་དེ་ནི་རྫོང་གྲོང་ནང་གི་བྱིས་པ་ཁང་གསུམ་ལས་གྲུབ་པ་དང་ཚོགས་པའི་རང་བཞིན་གྱི་སློབ་གཉེར་བྱེད་སྟངས་བརྒྱུད་བྱིས་པ་ཁང་དབར་ཐོན་ཁུངས་མཉམ་སྤྱོད་དང་མཐུན་སྦྱོར་འཕེལ་རྒྱས་ལེགས་པར་བྱུང་ཡོད།
ཚོགས་པས་ཕྲུ་གུ་ཚོར་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་རྒྱུ་ཙམ་མ་ཟད། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་དེ་བས་མཐོང་ཆེན་བྱེད་ཀྱིན་ཡོད། སློབ་གྲྭའི་ནང་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་ཁང་དང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཁུལ་སོགས་གྲུ་ཟུར་ཀུན་ལ་རིག་གནས་ཀྱི་རྣམ་པ་ཟབ་མོ་འཁྱིལ་ཡོད། དེ་ཡང་རྫ་ཆས་བཟོ་བ་དང་བོད་སྤོས་བཟོ་བ། བོད་སྨན་ངོས་འཛིན་སོགས་བྲག་གཡབ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་རོལ་རྩེད་ཆུང་ངུ་རེ་རེ་ལས་ཕྲུ་གུ་རྣམས་སྤྲོ་སྣང་ལྡན་པའི་ངང་ནས་རང་ཉིད་ཀྱི་ལག་པ་འགུལ་བའི་ནུས་པར་སྦྱོང་བརྡར་ཐེབས་པར་མ་ཟད་མི་རིགས་རིག་གནས་ཀྱི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད།
སློབ་སྔོན་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བས་སློབ་སྔོན་སློབ་གསོའི་སྤྱི་ཡོངས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པར་མ་ཟད། བྲག་གཡབ་རྫོང་གི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད། གྲོང་ཚོ་རིམ་པའི་བྱིས་པ་ཁང་གསར་སྐྲུན་དང་ཚོགས་པའི་རང་བཞིན་གྱི་བྱིས་པ་ཁང་གཉེར་སྟངས་ལག་བསྟར་བྱས་པ་དེས་གྲོང་གསེབ་ས་ཁུལ་གྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་སུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་སྔོན་སློབ་གསོའི་ཧེ་བག་ཇེ་ཆུང་དུ་ཕྱིན་ཡོད་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)