འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས11ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟི་ཀུང་གོ་ཁུལ་གྱི་སྤྱི་ཁྱབ་གཞོན་པ་ཀྲང་ཁྲོན་ལིས་དང་བཞུགས་མོལ་གནང་བ་རེད།
ཀྲོང་ཅིན་སུང་གིས་ཀྲང་ཁྲོན་ལིས་དང་བཅས་པར་སྤྲོ་སེམས་འཁོལ་པོས་ཕེབས་པར་དགའ་བསུ་ཞུས་པ་དང་། ཧྭ་ཝེ་ཀུང་ཟི་ཡིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། མིག་སྔར་ཆབ་མདོས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་ལ་སྐུལ་འདེད་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཏུ་བརྩིས་ནས་འཕེལ་རྒྱས་ཀྱི་འགག་མདོ་སེལ་བ་དང་ཕན་ནུས་ཆེ་བའི་སྒོ་ནས་གྲངས་འཛིན་ཆབ་མདོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་།
ཧྭ་ཝེ་ཀུང་ཟིའི་གྲངས་འཛིན་ནུས་རྒྱུའི་སྔོན་ཐོན་ལག་རྩལ་དང་ཆབ་མདོའི་ཕུན་སུམ་ཚོགས་པའི་ནུས་ཁུངས་གཙང་མའི་ཐོན་ཁུངས་ཕན་ཚུན་ཁ་གསབ་ཀྱི་རང་བཞིན་ལྡན་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་མདུན་ལམ་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱི་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཐུན་མོང་ཐོག་ནུས་རྒྱུ་གཙང་མ་བཀོལ་སྤྱོད་དང་ཚན་རྩལ་ཚོད་ལྟ་ས་ཚིགས་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་དང་སྤེལ་རེས་བྱས་ནས་ཆབ་མདོའི་ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྤེལ་དང་འཕེལ་རྒྱས་འགྲོ་བར་ཕན་འབྲས་ཆེར་སྐྱེད་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།
ཀྲང་ཁྲོན་ལིས་ཀྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་ཧྭ་ཝེ་ཀུང་སི་ཆབ་མདོར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། འབྲེལ་ཡོད་ཀྱི་གནས་ཚུལ་མདོར་བསྡུས་དང་འབྲེལ་ཡོད་འཕེལ་རྒྱས་ཀྱི་འཆར་འགོད་ངོ་སྤྲོད་གནང་ཞིང་། ཁོང་གིས། ཆབ་མདོའི་གྲངས་འཛིན་དཔལ་འབྱོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཕྱོགས་གཉིས་པོའི་མཉམ་ལས་བར་མཐོངས་ཀྱང་རྒྱ་ཆེར་བཏང་ཡོད། ཧྭ་ཝེ་ཀུང་སིས་རང་ངོས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་ཆ་འཕྲིན་དང་ལག་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། རིག་ནུས་བེད་སྤྱོད་མ་ལག་གསར་གཏོད་སོགས་ཀྱི་ཐད་མཉམ་ལས་ཀྱི་སྟོབས་ཤུགས་སྔར་བས་མང་བ་སྔོག་འདོན་དང་མཉམ་ལས་བྱེད་སྟངས་སྔར་བས་མང་བ་འཚོལ་ཞིབ་བྱས་ཏེ། གྲངས་འཛིན་ཆབ་མདོའི་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་རོགས་རམ་བྱས་ཏེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་དེ་བས་མང་བ་སྣོན་རྒྱུ་ཡིན་ཞེས་གསུངས།
(དཔལ་ཐར་རྒྱལ་གྱིས་བསྒྱུར)