国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月13日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ6ཚེས9ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལའོ་ཆིན་འུའུ་ཡིས་འབུ་རྐོ་འབུ་ཚོང་སྐོར་གྱི་དོ་དམ་རྩ་འཛུགས་ཀྱི་ཞབས་ཞུའི་ལས་དོན་དེ་ནི་དམངས་འཚོའི་བདེ་རྩ་དང་སྤྱི་ཚོགས་བརྟན་ལྷིང་། ཐོན་ལས་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པས། རྫོང་ཆུས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་ནན་ཏན་བཅས་བྱས་ཏེ་དོ་དམ་དང་ཞབས་ཞུ། འགན་ལེན། དྲིལ་བསྒྲགས་སོགས་ཀྱི་ཐད་གནད་སྨིན་ཤུགས་འདོན་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་དོ་དམ་མ་ལག་ཚད་ལྡན་དུ་གཏོང་བ་དང་། འབུ་རྐོ་འབུ་ཚོང་སྐོར་གྱི་དོ་དམ་རྩ་འཛུགས་ཀྱི་ཞབས་ཞུའི་ལས་དོན་སྤུས་ཚད་ཇེ་མཐོར་དང་ཕན་འབྲས་བཟང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྣམ་གྲངས་ཀྱི་དུས་འགོར་ཞིབ་དཔྱད་ཁུངས་སྐྱེལ་བྱ་རྒྱུར་དམིགས་ནས་ཁྱོན་ཡོངས་དང་ཕྱོགས་མང་པོའི་ཐད་ནས་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་རྣམ་གྲངས་ལག་བསྟར་ཐུབ་མིན་དང་ཕན་འབྲས་ཐོན་རྒྱུར་འགོ་ནས་འགན་ལེན་ཐུབ་པར་བྱས་ཏེ། རྣམ་གྲངས་སྔ་སྒྲུབ་སྔ་སྐྲུན་དང་སྔ་ཕན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་རིམ་པའི་གཞུང་ལམ་རྒྱུད་ཀྱི་གསར་བརྗེའི་གནས་རྟགས་དང་ཚན་རྩལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་གྱི་རྒྱུ་རྐྱེན་གཙོ་བོ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ། གསར་བརྗེའི་རིག་གནས་འགྲེམ་སྟོན་དང་ཡུལ་སྐོར་ཞབས་ཞུ། ཚན་རྩལ་དམངས་ཕན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་ས་ཚིགས་བསྐྲུན་ནས། འགྲིམ་འགྲུལ་དང་རིག་གནས། ཡུལ་སྐོར་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འཕྲལ་སྡོམ་སྔོན་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ་དང་འཕྲལ་སྡོམ་བཀོད་གཏོང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དུས་རྒྱུན་དུ་འཕྲལ་སྡོམ་ནང་སྦྱོང་བྱེད་པ། འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།

ལའོ་ཆིན་འུའུ་ཡིས་སྤྱི་པའི་འཕྲོད་བསྟེན་བཅོས་སྒྲིག་དང་སྤྱི་པའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་ཕྱི་ནང་གཉིས་ཀ་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས་ལ་གྲལ་དག་སྒྲིག་གཙང་གིས་དུས་ཆེན་གྱི་རྣམ་པ་ཟབ་མོ་བསྐྲུན་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་དགོས། གཞི་གྲངས་ལ་བརྟེན་ནས་ནུས་པ་འདོན་རྒྱུ་ལྟེ་བར་བྱས་ཏེ་གཞི་གྲངས་བསྡོམས་རྩིས་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲངས་གཞི་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་རིམ་སྤོར་དང་དམངས་འཚོ་ལེགས་གཏོང་། གྲོང་ཁྱེར་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་གྲངས་གཞིའི་འདེགས་སྐྱོར་བྱས་ཏེ་གྲངས་འཛིན་ཅན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཆབ་མདོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་ལེགས་སྐྱོང་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ཏེ། “སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ནས་སྲིད་གཞུང་གི་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་གསུང་གནང་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)