འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས10ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀོང་ཏུང་ཞིང་ཆེན་ནུས་རྒྱུ་ཚོགས་པ་ཚད་ཡོད་ཀུང་ཟིའི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཏུང་ཧྲི་སྤྱི་ཁྱབ་ཅིང་ལི་བཅས་ཡིན་པའི་ཝུན་ལིན་ཧི་དང་བཅས་པར་བཞུགས་མོལ་གནང་ཡོད།
ཀྲོང་ཅིན་སུང་གིས་ཝུན་ལིན་ཧི་དང་བཅས་པ་དགའ་བསུ་ཞུས་པ་དང་། ཁོང་གིས་ཆབ་མདོའི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་གཞི་རྩ་བཟུང་སྟེ། ནུས་ཤུགས་ཡོད་རྒུས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་ལས། རིག་གནས་ཡུལ་སྐོར་སོགས་ཀྱི་ལས་འགན་གལ་ཆེན་ལ་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཞབས་ཞུ་དང་། འགན་ལེན། འདེགས་སྐྱོར་བཅས་བྱེད་པའི“ཀ་བཞི་གདུང་བརྒྱད”ཅིག་བསྐྲུན་བསྐྲུན་བཞིན་ཡོད།
ཀོང་ཏུང་ཞིང་ཆེན་ནུས་རྒྱུ་ཚོགས་པ་ཚད་ཡོད་ཀུང་ཟི་ཡིས་ཆབ་མདོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་། ཐོན་ལས་ཀྱི་འཕྲལ་མཁོ་བཅས་ལ་དམིགས་ཏེ་རང་ངོས་ཀྱི་ལེགས་ཆར་འདོན་སྤེལ་གང་ལེགས་བྱས་ནས་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་དང་། དེ་བས་གཏིང་ཟབ་པའི་རིམ་པའི་ནང་སྤེལ་རེས་ཤར་གཏོང་དང་། མཉམ་ལས་ཤུགས་སྣོན་གྱིས་དེ་བས་མཐོ་བའི་ཆུ་ཚད་ཀྱི་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་པ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཝུན་ལིན་ཧི་ཡིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཀོང་ཏུང་ཞིང་ཆེན་ནུས་རྒྱུ་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཏུ་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་འཆར་འགོད་ངོ་སྤྲོད་མདོར་བསྡུས་བྱས་ཡོད། ཁོང་གིས་ཆབ་མདོའི་ལེགས་ཆ་མངོན་གསལ་དོད་པ་དང་། འཕེལ་རྒྱས་འགྲོ་ཤུགས་ཆེ་བ། ཕྱོགས་གཉིས་པོའི་མཉམ་ལས་ལ་རྨང་གཞི་ཡོད་པ་དང་མདུན་ལམ་ཡོད་པས་ས་གནས་དང་ཁེ་ལས་ཀྱི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་ལས་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་ངེས་ཡིན་པའི་བསམ་པ་བསྟན་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ལུའེ་གོ་ཅན་དང་། ཅ་ཤིན་ཡུས་བཞུགས་མོལ་ཚོགས་འདུ་ཞུགས་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)