国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月13日

ཝང་ཅུན་ཀྲེང་གིས《བོད་ལྗོངས་གསར་པ》ཡི་དུས་དེབ་ཐོག་རྩོམ་ཡིག་གལ་ཆེན་བཏོན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2025ལོའི《བོད་ལྗོངས་གསར་པ》དུས་དེབ་ཀྱི་འདོན་ཐེངས་ལྔ་པར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཚན་བཀོད་རྩོམ་ཡིག《ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྤྱི་འདོམས་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས》ཞེས་པ་བཏོན་པ་རེད།

རྩོམ་ཡིག་ནང་བསྟན་དོན། 2024ལོར། རང་སྐྱོང་ལྗོངས་ཏང་ཨུད་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཚན་རིག་དང་མཐུན་པའི་ཐབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་པས། གཏིང་རིམ་གྱི་གནད་དོན་རབ་དང་རིམ་པ་ཐག་གཅོད་ཧུར་ཐག་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ནུས་ལྡན་འཕེལ་བ། འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ཡག་པོ་ཁག་གཅིག་གྲུབ་པ་བཅས་བྱུང་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་གྱི་བྱ་གཞག་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་དང་། གཞིས་རྩེ་གྲོང་ཁྱེར་གྱིས་ལག་ལེན་བསྟར་བའི“ཕོད་པ་བཞིའི”ཉམས་མྱོང་དང་བྱེད་ཐབས་ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གཞུང་དོན་ཁང་གིས་བསྡུ་ལེན་བྱས་པ།

“ཐག་ཉེ་ས་དང་སྟབས་བདེ་ས་དང་ཁུལ་བསྒྲལ་ནས་གཞན་སྒྱུར”ཟུང་དུ་འབྲེལ་བར་བརྟེན་ནས་ས་བབ་མཐོ་བའི་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱིས“གསལ་ཐོ་དང་སྐར་ཁུང”ཟུང་དུ་འབྲེལ་བའི་སྒྲུབ་གཉེར་བྱེད་ཐབས་གསར་གཏོད་བྱས་ནས་ལས་སྒྲུབ་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་དག་2024ལོ་འཁོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ལྟ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་དཔེ་མཚོན་ཉམས་མྱོང་ལ་བདམས་པ། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོན་པ་བཅས་བྱུང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

རྩོམ་ཡིག་ནང་འཁོད་དོན། འདས་ཟིན་པའི་ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་གཤམ་གསལ་གྱི་ཁྱད་ཆོས་ཁག་གཅིག་ལྡན་པ་སྟེ། གཅིག་ནས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས་ནས་བཟོས་པ་དང་། “འཆར་འགོད་ཀྱི་དཔེ་རིས་གཅིག”ལག་ལེན་བསྟར་ནས་སྒྱུར་བཅོས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཡོད། གཉིས་ནས་སྒྲིག་འཛུགས་ཚགས་ཚུད་པོ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ལ་དམིགས་ནས། བརྟན་ཐོག་ཡར་འཕེལ་དང་མགྱོགས་ལ་བརྟན་པོ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་རང་ལྗོངས་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་ཀྱི་དོན་གནད་དང་ལེན་དང་དོན་འཁྱོལ་གནད་སྨིན་བྱེད་པ། སྒྱུར་བཅོས་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བ་བཅས་བྱས་ཡོད། གསུམ་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཤིང་། སྣེ་མང་རྙོག་འཛིང་ཆེ་བའི་ཁྲོད་ནས་འགལ་བ་གཙོ་བོར་དམ་འཛིན་བྱས་ཏེ་སྒྱུར་བཅོས་ལ་སྐུལ་འདེད་བཏང་བས་བརྒྱ་གོ་གཅིག་ཆོད་ཐུབ་པ་དང་། གལ་ཆེ་ཆུང་དང་དལ་བྲེལ་གསལ་པོར་དབྱེ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད། བཞི་ནས་བཅའ་ཁྲིམས་དང་སྒྲིག་ཁྲིམས་གཞིར་བཟུང་ཞིང་། ཁྲིམས་སྐྱོང་ལ་བརྟེན་ནས་སྒྱུར་བཅོས་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པ་དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་སྐུལ་འདེད་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཅིག་བཏོན་ནས་སྒྱུར་བཅོས་ལ་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད། ལྔ་ནས་འགག་སྒྲོལ་དཀའ་སེལ་བྱས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་བཙུགས་ནས་སྟོང་ཆ་མེད་པ་བཟོས་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ“མི་འབོར་ཉུང་བའི་རྫོང”གི་སྒྱུར་བཅོས་ཚོད་ལྟ་བྱས་པས“བོད་ཀྱི་ཉམས་མྱོང”འཚོལ་ཞིབ་ཐུབ་ནས་གྲུབ་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ལ་སྐུལ་སྤེལ་ཐུབ་ཡོད།

རྩོམ་ཡིག་ནང་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལས་དོན་ལ་སྐུ་ངོ་མས་འགོ་ཁྲིད་དང་། བཀོད་སྒྲིག སྐུལ་གཏོང་བཅས་གནང་བ་དང་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་སྤྱད་དེ་གསར་གཏོད་རང་བཞིན་གྱི་སྒོ་ནས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ཐད་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་རྩ་ཆེའི་ཉམས་མྱོང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་གནང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་སྟེ། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

རྩོམ་ཡིག་ནང་བསྟན་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་ལོ་ཞིག་ཡིན་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཁྲིད་སྟོན་དུ་བྱས་ཏེ། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལ་སྤྱི་འདོམས་ངང་སྐུལ་འདེད་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་བརྟེན་ནས་རྒྱུན་ཆད་མེད་པར་གསོན་ཤུགས་དང་གསར་གཏོད་ཀྱི་ནུས་པར་སྐུལ་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་ཆེན་པོ་འདོན་པ་དང་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས།

དང་པོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཤིང་། བོད་ཀྱི་ལས་ཀའི་སྤྱི་ཡོངས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏན་འབེབས་ཁ་གསལ་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ཡིན་པས། ང་ཚོས“དོན་ཆེན་བཞིར”དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་གཏོང་དགོས།

གཉིས་པ། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཤིང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་རྒྱུ་དེ་འབད་འཐབ་དམིགས་ཚད་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་དང་། ཞིབ་འཇུག དབྱེ་ཞིབ། ཐག་གཅོད་བཅས་བྱས་ཏེ། དུས་རབས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་བསྟུན་པ་དང་། སྒྱུར་བཅོས་ཀྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་ངང་ཁོང་དུ་ཆུད་པ། ལས་ཀའི་བྱ་ཐབས་དང་བྱེད་སྟངས་སྒྱུར་བ། དམངས་འཚོའི་འཕྲལ་མཁོ་དང་དམངས་སེམས་ཕྱོགས་སའི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་ཧུར་ཐག་འདོན་པ་བཅས་བྱས་ནས། སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་། ཞིང་ལས་དང་གྲོང་གསེབ་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སློབ་གསོ་ཚན་རྩལ་དང་ཤེས་ལྡན་པའི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གསར་གཏོད་གལ་ཆེན་གྱི་རྩ་འཛུགས་ལམ་སྲོལ་ལེགས་སུ་བཏང་སྟེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་དགོས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་ཁ་གསབ་སྲིད་ཇུས་མ་ལག་ལེགས་སུ་གཏོང་བ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་། ལྟ་འདོམས། ཞིབ་བཤེར་རྩིས་ལེན། བདག་སྐྱོང་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག གྲོང་གསེབ་མཉམ་སྡེབ་ཀྱི“མ་དངུལ་གསུམ”ལ་རྒྱུན་རྣམ་ཅན་གྱི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྒྱུར་བཅོས་ཀྱི་བྱ་ཐབས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བ་དང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ལ་སྤྱི་འདོམས་ངང་ཐག་གཅོད་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

གསུམ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཤིང་། གནད་དོན་ཐག་གཅོད་བྱ་རྒྱུ་ནི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགག་གནད་དང་། ཐོགས་གནད། དཀའ་གནད་བཅས་ཐག་གཅོད་བྱ་རྒྱུར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་འགག་སྒྲོལ་བྱ་སྤྱོད་ཆེན་པོ་དྲུག་བཀོད་སྒྲིག་ལག་བསྟར་བྱས་ཡོད། རིམ་ཁག་ཏང་ཨུད་སྒྱུར་བཅོས་གཞུང་དོན་ཁང་གིས་འཆར་གཞི་ཡོད་པའི་སྒོ་ནས་མི་རྒྱུ་མཐུན་སྦྱོར་བྱས་ཏེ་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་ཧུར་ཐག་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

བཞི་པ། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་པ་དང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་ཞིང་། ཆབ་སྲིད་ལམ་ཕྱོགས་གཏན་འཁེལ་བྱུང་རྗེས་ལས་བྱེད་པར་རག་ལས་ཡོད། ཏང་ནི་ང་ཚོའི་བྱ་གཞག་ལ་འགོ་ཁྲིད་བྱེད་པའི་ལྟེ་བའི་སྟོབས་ཤུགས་ཡིན་ལ། བྱ་གཞག་ཁག་ལ་རྒྱལ་ཁ་ཐོབ་པར་འགན་ལེན་བྱེད་པའི་འགག་རྩ་ཡང་ཡིན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་གཅིག་འདོམས་སུ་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ཧུར་ཐག་འབད་ཐག་བྱེད་པ་དང་། གྲུབ་འབྲས་ལ་ཕྱོགས་སྡོམ་བྱེད་པ། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ལས་ཀའི་ཞན་ཆ་སེལ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་སེམས་བཅས་ལྡན་པའི་ལས་བྱེད་པའི་དཔུང་ཁག་ཡག་པོ་ཞིག་འཛུགས་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ངན་རུལ་མཉམ་བཤེར་མཉམ་བཅོས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞིའི་འགན་ནུས་འཐུས་སྒོ་ཚང་དུ་གཏོང་བ། བཅའ་སྡོད་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྐོར་གཟིགས་དག་ཐེར་གྱི་འཁོར་ཡུན་ཧྲིལ་པོའི་འགན་འཁྲིའི་མ་ལག་དང་ལམ་ལུགས་ཀྱི་བརྒྱུད་རིམ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། མང་ཚོགས་ཚོགས་པའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་གི་མཇུག་ཏུ་བསྟན་དོན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་།། ཏང་གི་འགོ་ཁྲིད་དེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཐད་ཀྱི་ཏང་གི་འགོ་ཁྲིད་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གོང་འོག་མཐུན་སྦྱོར་དང་བདེ་བླག་ནུས་ཆེའི་འགོ་ཁྲིད་ཀྱི་སྒྲིག་སྲོལ་འཛུགས་པ། ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གནད་དོན་གལ་ཆེན་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་པར་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ཁག་ཕྱོགས་གཅིག་ལ་སྤེལ་བ་དང་མཐུན་སྦྱོར་ནུས་ཆེ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྒྱུར་བཅོས་ཧྲིལ་པོའི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་དང་ཡང་འབྲེལ་བ་ཡོད་པས། འགན་འཁྲི་གལ་ཆེན་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། འདུ་ཤེས་གསར་བརྗེས་དང་གཞུང་འཁྱོངས་གསར་འབྱེད། ཡིད་ཆེས་བརྟན་གཏོང་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ཐོག བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས།