ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དམངས་ཕན་སྡེ་ཁུལ་ན་ཡོད་པའི་གནས་སྤོ་མང་ཚོགས2400ལྷག་ཨ་ཅག་རུ་དཔོན་སྤེན་པ་སྒྲོལ་མའི་བཀའ་དྲིན་ལས་དགའ་མོ་སྐྱིད་མོ་བྱུང་ཡོད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་ལས་བྱེད་པ་གྲོང་སྡོད་བྱས་པའི་ལོ་གཅིག་ནང་ལས་དོན་རུ་ཁག་གི་སྣེ་ཁྲིད་དེ་ས་འོག་ཆུ་ལམ་བཤངས་པ་དང་རླངས་འཁོར་གཞག་ས་ལས་པ། སྡེ་ཁུལ་གྱི་རྒྱུ་ནོར་ལ་བོགས་འདོན་པ་དང་ལག་ཤེས་སྦྱོང་བརྡར་སོགས་གཉེར་ནས་དམངས་ཕན་སྡེ་ཁུལ་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡག་པོ་བཏིང་ཡོད།
ང་ནི་སྤེན་པ་སྒྲོལ་མ་ཡིན། ཕ་ཡུལ་ལྷ་ས་ནས་ཡིན་ཞིང་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ལས་བྱེད་པ་ཞིག་ཡིན། 2024ལོའི་ཟླ5པར་གྲོང་སྡོད་ཀྱི་ཧྲུའུ་ཅི་དང་པོ་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་ཏེ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དམངས་ཕན་སྡེ་ཁུལ་དུ་ཡོང་བ་ཡིན། ད་རེས་བརྩིས་ན་ང་རང་གྲོང་ཚོར་བཅའ་སྡོད་བྱེད་ཐེངས་གཉིས་པ་ཡིན་ཀྱང་ཆབ་མདོར་སླེབས་པ་ཐེངས་དང་པོ་ཡིན།
དུད་གྲངས439ཡི་མི2400ལྷག་ཡོད་པའི་སྡེ་ཁུལ་གྱི་མང་ཚོགས་ཐམས་ཅད་ཁ་རུབ་ཆུས་ཀྱི་ཤང་གྲོང13ནས་སྤོས་ཡོང་།ཁོ་ཚོ་སྔ་དུས་ཀྱི་གྲོང་ཚོ་ནས་དེང་རབས་ཀྱི་སྡེ་ཁུལ་དུ་སྤོས་ཏེ་སྔ་མར་ཆུ་མེད་པའི་གསང་སྤྱོད་ནས་ད་ལྟ་ཆུ་གཏོང་རྒྱུ་ཡོད་པའི་གསང་སྤྱོད་བར་གྱི་འགྱུར་ལྡོག་འདི་དག་གཙོས་འཚོ་བ་སྐྱེལ་སྟངས་ལ་སྔར་དང་མི་འདྲ་བའི་འགྱུར་ལྡོག་ཆེན་པོ་བྱུང་བས་དེ་དག་ནི་གཞི་རིམ་བཅོས་སྐྱོང་གི་ཐད་ལ་གནད་འགག་ཅིག་ཆགས་ཡོད་པ་རེད།
ཐེངས་དང་པོར་ས་འོག་གི་ཆུ་ལམ་འགག་པའི་གནས་ཚུལ་འཕྲད་སྐབས་ང་ཚོས་མཚན་གང་ཆུ་སྦུག་བཤངས་པ་དང་སྒྲིག་ཆས་གསར་པར་བརྗེ་བ་སོགས་བྱས་པ་ཡིན། དེ་དུས་སྲིད་ཇུས་དོན་འཁྱོལ་དགོས་ན་ལག་ལེན་བསྟར་དགོས་པ་ཤེས་བྱུང་། དེ་ནས་ལས་དོན་རུ་ཁག་གིས་སྣེ་ཁྲིད་དེ་གློག་སྐས་ནང་གང་སར་སྦྱར་པའི་བཙོག་པ་རྣམས་གཙང་སེལ་བྱས་པ་ཡིན། ང་ཚོས་ལག་ལེན་དངོས་ཀྱི་ཐོག་ནས་རང་དཔེ་གཞན་སྟོན་གྱིས་གྲོང་མི་ཚོ་ལ་ཐུན་མོང་གི་ཁྱིམ་གཞིས་མཉམ་སྐྱོང་བྱེད་དགོས་པའི་འདུ་ཤེས་ཀུན་ནས་བསླངས་ཡོད། ད་རུང་སྦག་སྦག་གཞག་ས་དཀོན་པའི་གནད་དོན་ལ་དམིགས་ཏེ་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་ལས་བྱེད་ལས་བཟོ་ཡོངས་ནས་སྒོར་ཁྲི17ཙམ་བསྡུ་རུབ་བྱས་ཏེ་རླངས་འཁོར་གཞག་སའི་ལྕགས་ཁང8ལས་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་ལས་བྱེད་མང་ཚོགས་དབར་གྱི་འབྲེལ་བ་ཇེ་བཟང་དུ་བཏང་ཡོད།
ངས་ཁྲང་ཧྲ་ཡི་སློབ་ཆུང་བཞི་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་སྡེ་ཁུལ་ནང་གི་སློབ་ཆུང་དང་མཉམ་འབྲེལ་ཐོག་ནས“ལག་གདང་སྦྲེལ་ནས་གཅིག་སེམས་གཅིག་གཏོད”ཅེས་པའི་སྤེལ་རེས་བྱེད་སྒོ་གཉེར་བ་ཡིན། བྱེད་སྒོ་སྐབས་སུ་ས་ཕྱོགས་གཉིས་ཀྱི་སློབ་མ་ཚོས་ཕན་ཚུན་ལ“གཅེས་སེམས་མཚོན་པའི་ལེགས་སྐྱེས”ཕུལ་རེས་བྱས་སོང་། རིམ་རྩིས་བརྒྱབ་ན་སློབ་མ595ལ་ཕན་ཐོགས་བྱུང་ཡོད། ཕྲུ་གུ་ཚོའི་སེམས་ལ་མི་རིགས་མཐུན་སྒྲིལ་གྱི་བག་ཆགས་ཟབ་མོ་བཞག་ཡོད།
གྲོང་གསེབ་དར་རྒྱས་ནི་ཡུན་རིང་རྒྱུན་འཁྱོངས་ཐུབ་དགོས་པས་དུས་འགོར་ང་ཚོས་སྡེ་ཁུལ་གྱི་དྲོད་འདོན་རྣམ་གྲངས་ལ་བརྟེན་ནས་ལས་གནས86མཁོ་སྤྲོད་བྱས་མོད། འོན་ཀྱང་ལས་གནས་དེ་དག་ནི་གནས་སྐབས་ཙམ་ཡིན་ལ་ཡོང་འབབ་ཀྱང་གཏན་འཇགས་མིན་པས་ང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁྲིད་སྟོན་བྱེད་པ་དང་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལས་ཀའི་ཁྱད་ཆོས་ལ་གཞིགས་ཏེ་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད།
སྡེ་ཁུལ་ཡུན་རིང་འཕེལ་རྒྱས་གཏོང་ཐབས་འཚོལ་བའི་སྐབས་སུ་ང་ཚོས་སྡེ་ཁུལ་གྱི་རྒྱུ་ནོར་ལ་བོགས་འདོན་ཐུབ་པ་བྱུང་ནས་ཡུན་རིང་འཕེལ་རྒྱས་གཏོང་ཐབས་ཀྱི་གསེར་གྱི་ལྡེ་མིག་ཅིག་ལག་ཏུ་རག་པ་ནང་བཞིན་བྱུང་།
ང་ཚོས་སྡེ་ཁུལ་གྱི་རྐང་རྩེད་སྤོ་ལོའི་ར་བ2དང་ཚོང་ཁང2གང་ལ་གང་འཚམ་གྱིས་བེད་སྤྱོད་བཏང་ཡོད། རྐང་རྩེད་སྤོ་ལོའི་ར་བ་སྤྱོད་སྒོ་ཆེ་རུ་བཏང་ནས་འགྲན་སྡུར་སྣ་ཚོགས་སྤེལ་རྒྱུ་འགན་ལེན་ནས་ལུས་རྩལ་སྦྱོང་བརྡར་གཉེར་བས། གྲོང་མི་ཚོའི་རིག་གནས་དང་ལུས་རྩལ་གྱི་འཚོ་བ་གྲ་ཇེ་རྒྱས་སུ་ཕྱིན་པར་མ་ཟད། སྡེ་ཁུལ་ལ་ཡོང་འབབ་ཀྱང་ཡག་པོ་རག་ཡོད། ཚོང་ཁང་དེ་གཉིས་ལ་ང་ཚོས་ཚོང་པ་ཡག་པོ་དེ་འདྲ་ཁྲིད་ནས་ཚོང་ཁང་བཙུགས་ཡོད། དེར་བརྟེན་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་དང་བེད་སྤྱོད་གོ་ཆོད་བྱུང་ཡོད།
【རྩ་འཛུགས་ཀྱི་གདེང་འཇོག】 བློ་མཐུན་སྤེན་པ་སྒྲོལ་མ་ནི་དམ་པ་དོན་གཉེར་གྱིས་དཀའ་གནད་སེལ་མཁན་ཞིག་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་ཡོད་མཁན་ཞིག་ཡིན། མི་དམངས་ཀྱི་དོན་དུ་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་ཕན་སེམས་ལྡན་ཞིང་གྲོང་གསེབ་དར་རྒྱས་ལ་ནུས་པ་ལྡན་པ། མི་རིགས་མཐུན་སྒྲིལ་ལ་ཟབ་ཁྱད་ཡོད་པའི་རྒྱུགས་ལན་འཁྲུལ་མེད་ཅིག་ཕུལ་ཡོད།
(ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར)