国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月10日

རི་བོ་ཆེ་གཡས་རི་ཤང་སློབ་ཆུང་།

མཐོ་སྒང་གི་སྐྱེ་ཁམས་སློབ་གྲྭའི་ཉམས་པ་མེད་པའི་སྟོབས་ཤུགས།

སློབ་མ་ཡིས་སྐྱེ་ཁམས་བར་ཁྱམས་སུ་དཔེ་ཀློག་ལ་རོལ་བཞིན་པ།

དགེ་རྒན་གྱིས་སློབ་མར་སློབ་ཚན་ཁྲིད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ལོ་རྒྱུས་ཀྱི་དུས་མཚམས་འདིར། འདི་ག་ལས་ཁུངས་ཀྱི་གསར་འགོད་པ་རི་བོ་ཆེ་རྫོང་གཡས་རུ་ཤང་ལ་སོང་ནས་ནགས་ཁྲོད་ཀྱི་སློབ་ཁང་ཞེས་སུ་གྲགས་པའི་སློབ་ཆུང་དེར་རྒྱུས་ལོན་ཞིག་བྱས་པ་རེད།

1994ལོར་རི་བོ་ཆེ་རྫོང་གཡས་རུ་ཤང་སློབ་ཆུང་ནི་ཁང་མིག་གསུམ་ལས་མེད་པའི་གྱང་ཁང་ཞིག་བཅས་ཏེ་བཙུགས་པ་དང་། དེ་དུས་དགེ་རྒན་གསུམ་དང་སློབ་མ25ལས་མེད། 2015ལོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་མཐོ་སྒང་གི་སློབ་ར་འདི་སྔར་ན་མེད་པའི་རྣམ་པ་གསར་པ་ཞིག་ཏུ་གྱུར་པ་རེད། དེང་སང་ཡིན་ན་འཛིན་གྲྭ9ལ་སློབ་མ361 དང་དགེ་རྒན29ཡོད། བོད་ཡིག་དང་དབྱིན་ཡིག ཚན་རིག་དང་རི་མོ་སོགས་སློབ་ཚན་ཆ་ཚང་ཡོད་པས་མཐོ་སྒང་གི་ན་ཆུང་བྱིས་པ་རྣམས་ལ་ཐད་ཀར་འཛམ་གླིང་རྒྱུས་ལོན་ཐུབ་ཅིང་དེང་རབས་ཀྱི་སློབ་ཁང་དང་འཕྲུལ་ཤེས་ཅན་གྱི་སྒྲིག་ཆས་སོགས་ཡོད་པ་འདི་དག་ཚང་མ་ཏང་གི་བཀའ་དྲིན་ལས་བྱུང་བའི་མཐོ་སྒང་གི་སློབ་གསོའི་མཐུན་རྐྱེན་དུ་གྲུབ་པ་རེད།

སློབ་རའི་ནང་ལ་ཤུག་སྡོང་ཉི་ཤུ་ལྷག་ཀྲོང་ངེར་འགྱིངས་ཡོད་ལ་དེ་དག་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཀྱང་ཡིན། ལྷག་པར་དུ་སློབ་གསོའི་སྡོངས་གྲོགས་ཤིག་ཡིན་ཟེར་ན་མི་ཆོག་པ་ཅི་ཡང་མེད། ལོ་ལྟར་ཁྲ་ལམ་མེར་བཞད་པའི་ལུ་གུ་མེ་ཏོག་དང་སྐལ་བཟང་མེ་ཏོག་སོགས་ལས་ཡུལ་ལུང་འདིར་སྣོད་བཅུད་ཀྱི་ཡོན་ཏན་རབ་ཏུ་རྫོགས་ཤིང་བརྒྱན་དུ་སྤུད་ཡོད། ཡུལ་འདི་ལ་མཚོན་ན་བྱིས་པ་ཚོས་ནགས་ཁྲོད་སློབ་ཁང་དུ་བཅས་ཤིང་། ཤིང་ལོ་བསླབ་དེབ་ཏུ་བཅོས། སྐྱེ་རྒུ་དགེ་རྒན་དུ་བསྟེན་ཟེར་ན་འོས་ཤིང་འཚམས་པ་ཞིག་རེད།

སྨི་གྲུ་བཞི་མ5200ཙམ་ཡོད་པའི་ལུས་རྩལ་ཐང་དུ་ལུས་སྦྱོང་གི་རྣམ་པ་རབ་ཏུ་རྒྱས་ཤིང་། ལག་རྩེད་སྤོ་ལོའི་ར་བར་གཅིག་རྗེས་གཉིས་འདེད་ཀྱིས་སྤོ་ལོ་འགྲན་པ་དང་ཐག་རྩེད་རྩེ་བ་སོགས་དགའ་སྤྲོའི་དཔལ་ལ་འཁོད་ཡོད། སློབ་གྲྭའི་གདམས་ངག་ཏུ་སེམས་པ་ཚེ་སྲོག་གི་ནགས་ཚལ་ལ་གླན་ཞེས་གསུངས་པ་ལྟར་ཡུལ་འདིའི་སློབ་གསོ་ནི་ལུས་སེམས་གཉིས་ཕན་གྱི་འདབ་བརྒྱ་ཀུན་ནས་གྲོལ་ཡོད།

ལོ་ངོ་དྲུག་ཅུར་དཀའ་སྤྱད་འབད་འབུངས་བསྐྱེད་དེ། ཏང་གི་བཀའ་དྲིན་ཉི་འོད་བཞིན་དུ་མཐོ་སྒང་ལ་དྲོས་ཤིང་། བགྲང་བྱ་དྲུག་ཅུའི་མཛད་པ་འཕྲིན་ལས་རྒྱས་ཏེ། སློབ་གསོས་ཆུ་ཕྲན་བཞིན་དུ་བྱིས་པའི་སེམས་ཁམས་གསོས་ཡོད། གཡས་རུ་ཤང་གི་སྐྱེ་ཁམས་ནགས་ཁྲོད་སློབ་ཆུང་ནི་དཀའ་བ་ཁུར་ཁྱེར་གྱིས་ཕུགས་ཕན་སློབ་གསོའི་གཡོར་གྲུ་བཏེགས་ཏེ་ལམ་ལ་ཆས་ཡོད། ཁོ་ཚོས་ཏང་གི་མཛད་ཕྱོགས་འོག་ནས་མཐོ་སྒང་གི་སློབ་གསོའི་ལེའུ་གསར་པ་རྩོམ་རྒྱུ་དང་བོད་ཀྱི་མ་འོངས་པའི་དོན་དུ་ཤེས་ཡོན་འཇོན་ཐང་ཅན་གང་མང་གསོ་སྐྱོང་བྱ་རྒྱུ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)