国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月10日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས5ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར་དམིགས་ཏེ་ཆེད་དོན་གྱིས་སློབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་གཏིང་ཟབ་བྱས་ཡོད།

ཀྲང་ཅན་ཧྭ་དང་། ལིས་གོ་ཅན། རྡོ་རྗེ་དགྲ་འདུལ། དངོས་གྲུབ་ཟླ་བ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་བཅས་ཞུགས་ཡོད།

ཀྲོང་ཅིན་སུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཟབ་སྦྱོང་མཐིལ་རྟོགས་དང་མཐའ་གསལ་མཐིལ་རྟོགས་ཁྲོད་ཀྱི་གོ་རྟགས་རྟེན་གནས་ཡང་དག་པར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་བློ་སེམས་བརྟན་པོའི་དད་མོས་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས་བོད་ཤར་གྱི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་རྒྱུ་སྤྱིའི་དམིགས་ཚད་དུ་བཟུང་ནས་ཆབ་མདོའི་སྐྱེ་ཁམས་ཤེས་དཔལ་ལས་དོན་གྱི་འཆར་འགོད་ནན་ཏན་བཟོ་བ་དང་། སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། བཙོག་ཆུ་དང་གད་སྙིགས་ཐག་གཅོད་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚོད་འཛིན་གྱི་ཚད་ཐིག་གསུམ་ནན་པོ་སྲུང་བ་དང་། རེས་སྐོར་གཉིས་པའི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་བསྟན་པའི་ཚུར་ལེན་གནད་དོན་དག་ཐེར་ལ་རྒྱུན་མཐུད་ངང་སྐུལ་སྤེལ་གཏོང་བ། རེས་སྐོར་གཉིས་པའི་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་ཁག་གསུམ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཏན་ཏིག་གིས་ནན་པོ་བཟོས་ནས་ཆབ་མདོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཁྲོད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་པར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་རིམ་པ་ཁག་དང་ཚན་པ་ཁག་གིས་ལས་དོན་མཐའ་དག་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་འབྲེལ་བ་དམ་ཟབ་ཡོད་པའི་སྟོན་ཕྱོགས་མངོན་གསལ་དོད་པོར་བཙུགས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཏེ་བོད་ཤར་ས་མཐོའི་རྩི་ཤིང་དང་རི་ཀླུང་ཐམས་ཅད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)