国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月06日

སློབ་གསོ་པུའུ་ཡིས་དྲིས་ལན་གྱི་རྣམ་པའི་ཐོག་ནས2025ལོའི་མཐོ་རྒྱུགས་ཀྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2025ལོའི་མཐོ་རྒྱུགས་ལ་སླེབས་གྲབས་ཡོད་པས། རྒྱ་ཆེའི་རྒྱུགས་ལེན་མཁན་གྱིས་རྒྱུགས་ལེན་སྐབས་དོ་སྣང་བྱེད་དགོས་པའི་དོན་དག་ལ་ཤེས་རྟོགས་བྱེད་པར་རོགས་རམ་སྔར་ལས་ལེགས་པོར་བྱ་ཆེད། སློབ་གསོ་པུའུ་ཡིས་ཟླ6པའི་ཚེས3ཉིན་དྲིས་ལན་གྱི་རྣམ་པའི་ཐོག་ནས2025ལོའི་མཐོ་རྒྱུགས་ཀྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་ནས། རྒྱུགས་ལེན་མཁན་ལ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་རྒྱུའི་དྲན་སྐུལ་བྱས།

སློབ་གསོ་པུའུ་ཡིས་གསལ་འདེབས་གནང་རྒྱུར། རྒྱུགས་སྤྲོད་སློབ་མས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ། རང་ཉིད་བདེ་ཐང་གི་འགན་འཁུར་མི་སྣ་དང་པོ་ཡག་པོ་བྱེད་དགོས། རྒྱུགས་ལེན་པའི་སྔོན་ལ་འདུ་འཛོམས་དང་སྐོར་སྐྱོད་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། མི་འདུ་སར་མི་འགྲོ་བ་བྱེད་དགོས། དུས་མཚུངས་སུ་སེམས་ཁམས་ཀྱི་རྣམ་པ་ལེགས་སྒྲིག་ཡག་པོ་བྱས་ཏེ། ལུགས་མཐུན་གྱི་བཟའ་བཏུང་དང་གཉིད་འདང་ངེས་བྱེད་པ་དང་། ལུས་ཕུང་སྦྱོང་བརྡར་འོས་འཚམ་ཡོང་བར་འགན་ལེན་བྱེད་དགོས། གལ་ཏེ་ལུས་སེམས་མི་བདེ་ན་དུས་ཐོག་ཏུ་སྨན་བཅོས་བྱས་ནས། ལུས་ཕུང་མི་བདེ་བ་ལས་རྒྱུགས་ལེན་པར་ཤུགས་རྐྱེན་ཐེབས་པར་དོགས་ཟོན་བྱེད་དགོས། ཚ་རྒྱས་པའམ་ཡང་ན་གློ་བུར་དུ་ནད་ཕོག་པ་སོགས་ཀྱི་རྒྱུགས་ལེན་མཁན་ལ་ཡང་འཇིགས་སྣང་སྐྱེ་མི་དགོས་ཏེ། ས་གནས་ཁག་གི་རྒྱུགས་ལེན་ས་ཚིགས་ཚང་མས་དེ་མཚུངས་ཀྱི་སྔོན་ཇུས་བཟོས་ཡོད།

རྒྱུགས་ལེན་སར་འཛུལ་སྐབས། ལས་དོན་མི་སྣའི་བཀོད་སྒྲིག་ལ་ཉན་ནས་གོ་རིམ་ལྡན་པའི་སྒོ་ནས་གྲལ་བསྒྲིགས་ཏེ་བར་ཐག་ངེས་ཅན་ཞིག་རྒྱུན་འཁྱོངས་བྱེད་དགོས་པ་དང་།ལག་འཁྱེར་ཁ་པར་སོགས་སྒྲིག་འགལ་དངོས་རྫས་རྒྱུགས་ལེན་སར་འཁྱེར་མི་རུང་། རྒྱུགས་རར་འཛུལ་སྐབས། རྒྱུགས་ལེན་མཁན་གྱི་ཐོབ་ཐང་ར་སྤྲོད་དང་སྒྲིག་འགལ་དངོས་རྫས་ལ་ཡང་བསྐྱར་ཞིབ་བཤེར་བྱ་དགོས། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི། རྒྱུགས་ལེན་མཁན་གྱིས་ལག་འཁྱེར་ཁ་པར་དང་རིག་ནུས་ཆུ་ཚོད། རིག་ནུས་མིག་ཤེལ་སོགས་ཆ་འཕྲིན་བསྐུར་བའམ་ཡང་ན་བསྡུ་ལེན་བྱེད་པའི་ནུས་པ་ལྡན་པའི་སྒྲིག་ཆས་འཁྱེར་ནས་རྒྱུགས་རར་འཛུལ་ཚེ། བཀོལ་སྤྱོད་བྱེད་མིན་གང་ཡིན་རུང་། ཚང་མ་རྒྱུགས་ལེན་གྱི་གཡོ་ལས་བྱས་པར་ངོས་འཛིན་བྱ་རྒྱུ་རེད།

སྐར་གྲངས་ཞིབ་བཤེར་དང་རེ་འདུན་ཐོ་འགོད་ཞབས་ཞུ་ཐོབ་པའི་སྐོར་ལ། སློབ་གསོ་པུའུ་ཡིས་ཞིང་ཆེན་རིམ་པའི་སློབ་བསྡུའི་རྒྱུགས་ལེན་ལས་ཁུངས་ཁག་གིས་རྒྱུགས་བླངས་རྗེས་མཐོ་རྒྱུགས་རྒྱུགས་འབྲས་ཁྱབ་བསྒྲགས་བྱེད་པའི་དུས་ཚོད་དང་གཞུང་ཕྱོགས་ཀྱི་འདྲི་རྩད་ཐབས་ལམ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། རྒྱུགས་ལེན་མཁན་དང་ཁྱིམ་བདག་གིས་འབྲེལ་ཡོད་དབང་གྲགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་ལ་དོ་ཁུར་གནང་དགོས་པའི་དྲན་སྐུལ་བྱས་ཡོད།

རྒྱུགས་ལེན་མཁན་གྱི་རེ་འདུན་ཐོ་འགོད་ཞབས་ཞུར་སྔར་བས་ཤུགས་སྣོན་རྒྱག་ཆེད། 2025ལོར་སློབ་གསོ་པུའུ་ཡི“ཉི་འོད་མཐོ་རྒྱུགས”སྟེགས་བུ་དང“ཉི་འོད་རེ་འདུན”ཆ་འཕྲིན་ཞབས་ཞུའི་མ་ལག་ལེགས་སྒྱུར་དང་རིམ་སྤོར་བྱ་རྒྱུ་དང་། ཞིང་ཆེན་ཁག་གིས་ཀྱང་ས་གནས་དེ་གའི་རེ་འདུན་ཐོ་འགོད་ཞབས་ཞུའི་ཆ་འཕྲིན་སྟེགས་བུ་དང་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྒྱུགས་ལེན་མཁན་ལ་དེ་བས་སྤུས་ལེགས་དང་དེ་བས་སྟབས་བདེ་བ། དེ་བས་ཁྱོན་ཡོངས་བཅས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱ་རྒྱུ་རེད།

དེ་དང་ཆབས་ཅིག སློབ་གསོ་པུའུ་ཡིས་ས་གནས་ཁག་གི་མཐོ་སློབ་ཁག་སྒྲིག་འཛུགས་བྱས་ནས།“2025ལོའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་སྤྲིན་ཐོག་བློ་འདྲི་གཟའ་འཁོར”བྱེད་སྒོ་གཉེར་ནས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་རེ་འདུན་ཐོ་འགོད་བློ་འདྲི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། ས་གནས་སོ་སོའི་མཐོ་སློབ་ཁག་གིས་ད་དུང་སྒྲོག་འགྲེལ་ཚོགས་འདུ་དང་། བློ་འདྲི་ཚོགས་འདུ། བརྙན་ཐུང་། དྲ་ཐོག་ཐད་གཏོང་། བརྙན་འཕྲིན་ལེ་ཚན་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་དེ། རེ་འདུན་ཐོ་འགོད་བློ་འདྲི་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།

ཡོང་ཁུངས། ཞིན་ཧྭ་དྲ་བ།