国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月06日

སྟེང་ཆེན་རྫོང་དམུ་ཐ་ཤང་གི་རི་ཉིལ་བའི་རོགས་སྐྱོབ་ལས་དོན་ གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།

འདི་ནི་ཉེན་སྐྱོབ་མི་སྣས་ཉེན་སྐྱོབ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དམུ་ཐ་ཤང་གཡམ་ཐ་གྲོང་ཚོའི་དབྱར་རྩྭ་དགུན་འབུ་བརྐོ་ས་ཞིག་ཏུ་རི་ཉིལ་བའི་དོན་རྐྱེན་ཐོན་ཡོད། ཟླ་6ཚེས་2ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་བར། ཐེངས་འདིའི་རི་ཉིལ་བའི་དོན་རྐྱེན་ཁྲོད་མི་3རྐྱེན་ལམ་དུ་ཤོར་བ་དང་། མི་7དང་འབྲེལ་ཐག་ཆད་པ། གཞན་མི་3ལ་རྨས་སྐྱོན་ཕོག་ཡོད་ཅིང་ད་ལྟ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།

མིག་སྔར་སྲོག་ལ་ཉེན་ཁ་མེད་པ་རེད། འཕྲལ་སྒྲུབ་དོ་དམ་པུས་རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་སྒྲུབ་ལན་ཆ་བྱས་ཤིང་། ལས་དོན་ཚོགས་ཆུང་འཕྲལ་མར་གནོད་འཚེ་ཐོན་ཡུལ་དུ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་ཡོད། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་རླངས་འཁོར་58དང་རོགས་སྐྱོབ་མི་སྣ་193 འཚོལ་སྐྱོབ་ཁྱི་7བཅས་ས་གནས་ས་ཐོག་ཏུ་ཉེན་སྐྱོབ་རོགས་སྐྱོར་བྱེད་པར་མངགས་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱིས་དོན་རྐྱེན་ཐོན་ཡུལ་དུ་རིམ་རྩིས་བྱས་ན་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱི་ཛ་དྲག་གེགས་སྐྱོབ་མ་དངུལ་སྒོར་ཁྲི་500བཏང་ཡོད་པ་དང་། མྱུར་སྐྱོབ་རླངས་འཁོར་དང་སྔོག་འདོན་འཕྲུལ་འཁོར། འཕྲིན་གཏོང་གློག་ཤུགས་འགན་སྲུང་སྒྲིག་ཆས་རླངས་འཁོར་སོགས་83བཏང་ཡོད་ཅིང་། རོགས་སྐྱོབ་མི་སྣ་དང་སྨན་དོན་མི་སྣ་སོགས་རོགས་སྐྱོབ་མི་སྣ་539བཏང་ཡོད་པ་རེད། ས་གནས་ས་ཐོག་ཏུ་རྩད་ཞིབ་ཐིག་ལེན་རགས་ཙམ་བྱས་པར་གཞིགས་ན། ཁྱོན་རི་ཉིལ་ཚད་དེ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་20ཙམ་ཟིན་པ་དང་། ཆུ་བེད་དང་རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་གྱི་ཆེད་ལས་མི་སྣས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་རི་ཐེངས་གཉིས་པ་ཉིལ་བའི་ཉེན་ཁ་ཡོད་པ་ཤེས་རྟོགས་བྱུང་ཡོད།

སྟེང་ཆེན་རྫོང་དམུ་ཐ་ཤང་གཡམ་ཐ་གྲོང་ཚོར་ཁྱོན་དབྱར་རྩྭ་དགུན་འབུ་བརྐོ་ས་12ཡོད་པ་དང་། གཡམ་ཐ་གྲོང་ཚོ་ནས་དབྱར་རྩྭ་དགུན་འབུ་བརྐོ་ས་ཁག་ལ་འགྲོ་བའི་འགྲོ་ལམ་ཚང་མ་ས་འདམ་ལམ་ཡིན། ད་ཐེངས་དོན་རྐྱེན་ཐོན་པའི་དབྱར་རྩྭ་དགུན་འབུ་བརྐོ་སའི་མང་ཚོགས་བཅའ་སྡོད་ཁུལ་དུ་ཁ་པར་གྱི་བརྡ་རྟགས་ཡག་པོ་མེད་པ་དང་འགྲོ་ལམ་གྱི་ཆ་རྐྱེན་ཞན་པོ་ཡོད། སྟེང་ཆེན་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་རྩད་ཞིབ་རགས་ཙམ་བྱས་པ་བརྒྱུད། ད་ཐེངས་ཀྱི་ཐོལ་བྱུང་དོན་རྐྱེན་དེ་ནི་ཉིན་ཤས་བསྟུད་མར་ཆར་པ་བབས་པའི་དབང་གིས་རི་ཉིལ་བའི་རང་བྱུང་གནོད་འཚེ་ཐོན་པ་ཡིན་པའི་ངོས་འཛིན་བྱས་པ་རེད།

(ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར)