འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་སྐོར་ཞིབ་ལས་དོན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་དགུ་པའི་སྐོར་ཞིབ་ཀྱི་ཕྱོགས་བསྡུས་གནས་ཚུལ་སྙན་སེང་ལ་གསན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད།
ཀྲོང་ཅིན་སུང་གིས་སྐོར་གཟིགས་སྐོར་ཞིབ་ནི་ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན་པས། རིམ་པ་ཁག་དང་ཚན་པ་ཁག་ལྷག་པར་དུ་སྒྲིག་བཤེར་ལྟ་ཞིབ་དང་སྐོར་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་འགན་སྲུང་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དེ་ཆབ་མདོར་དོན་འཁྱོལ་ཞིབ་ཚགས་དང་ཕན་འབྲས་ཐོན་པ་བྱེད་དགོས་ཞེས་གསུངས།
ཀྲོང་ཅིན་སུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། དབང་ཆ་གཅིག་སྡུད་དང་། མ་དངུལ་མང་པོ་བསྡུ་བ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་། མང་ཚོགས་ཀྱི་བསམ་འཆར་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་པ།“འགག་རྩའི་ཉུང་ཤས”དང་ལྷག་པར་དུ“གཙོ་འགན་འཁུར་མཁན”གྱིས་འགན་འཁྲི་སྒྲུབ་པ་དང་དབང་ཆ་སྤྱོད་ཚུལ་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་སྐོར་ཞིབ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། སྐོར་ཞིབ་དག་ཐེར་གྱི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཁག་གིས་སྐོར་ཞིབ་དག་ཐེར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དག་ཐེར་གྱི་ཕན་འབྲས་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་མཚོན་པ་བྱེད་དགོས། སྐོར་ཞིབ་ཤེས་ལྡན་མི་སྣའི་བང་མཛོད་སྟོབས་ཆེར་བཏང་ནས་དོ་དམ་ནན་པོ་དང་ལྟ་སྐྱོང་བྱམས་པོ་ཟུང་འབྲེལ་དང་། སྐུལ་ལྕག་དང་ཚོད་འཛིན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྐོར་ཞིབ་ལས་བྱེད་པས་དེ་བས་ནན་པའི་ཚད་གཞིར་བརྟེན་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་རང་རྟོགས་ངང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་སྐོར་ཞིབ་དཔུང་ཁག་ཅིག་གཏོད་དགོས་པའི་ནན་བཤད་གནང་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)