འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། ཟླ5པའི་ཚེས30ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་རྣམ་གཉིས་ཅིན་ཆབ་ལུས་རྩལ་ལྟེ་གནས་སུ་ཕེབས་ཏེ་གྲོང་ཁྱེར་ཡོངས་ཀྱི་ལོ་ཆུང་བྱིས་པ་དང་མཉམ་དུ“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དགའ་གཏོང་བྱས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ་ལོ་ཆུང་བྱིས་པར་དུས་ཆེན་ལ་བཀྲ་ཤིས་ལེགས་ཞུས་པ་དང་རྒྱ་ཆེའི་སློབ་གསོའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
བྱེད་སྒོ་ཐོག་བྱིས་པ་ཚོ་རྩེད་འཇོར་རོལ་ནས་དུས་ཆེན་གྱི་རྣམ་པས་རབ་ཏུ་ཁེངས་ཡོད། གྲོགས་པོ་ཆུང་ཆུང་ཚོས་སྤྲོ་སེམས་འཁོལ་བའི་གདན་ཞུས་ལྟར་ཀྲོང་ཅིན་སུང་དང་བཅས་པ་བྱང་ཚད་སློབ་གསོའི་གྲུབ་འབྲས་འགྲེམ་སྟོན་ཁུལ་དུ་ཕེབས་ཏེ་སྒྱུ་རྩལ་གྱི་ལྟད་མོར་གཟིགས་ཤིང་གྲོགས་པོ་ཆུང་ཆུང་ཚོའི་འཇོན་ཐང་ལ་བསྔགས་བརྗོད་ཚད་མེད་གནང་ཞིང་། ཚང་མས་ཚན་རིག་རིག་གནས་ཤེས་བྱར་སློབ་སྦྱོང་ཧུར་ཐག་བྱེད་དགོས་པ་དང་ཁྱབ་ཁོངས་སྣ་ཚོགས་ནས་རིག་གནས་ཀྱི་ཉིང་བཅུད་བླངས་ཏེ་བློ་གྲོས་བསྡུ་ལེན་དང་མི་གཞི་གསོ་སྐྱོང་བྱས་ཏེ། ཀྲུང་གོ་བའི་བློ་སྟོབས་དང་། སྙིང་རུས། གདིང་ཤུགས་བཅས་ཆེ་རུ་གཏོང་དགོས་ཞེས་སྐུལ་ལྕག་གནང་བ་རེད།
མཛད་སྒོ་ཐོག་ད་དུང་ཐེན་ཅིན་ནས་ཡོང་བའི་གྲོགས་པོ་ཆུང་ཆུང7ཡོད་པ་དེ་དག་ཟླ5ཚེས26ཉིན་ཆབ་མདོར་འབྱོར་རྗེས་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་རྟེན་མཛོད་ཁང་དང་ཚོད་ལྟ་སློབ་ཆུང་སོགས་སུ་སོང་ནས་ཆབ་མདོའི་གྲོགས་པོ་ཆུང་ཆུང་ཚོ་དང་སྤེལ་རེས་མཉམ་འདྲེས་བྱས་པས་མཛའ་བརྩེ་གཏིང་ཟབ་ཏུ་ཕྱིན་ཡོད།
སྤྲོ་སེམས་རབ་ཏུ་འཁོལ་བའི་རོལ་དབྱངས་ཁྲོད་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་གསར་པ་རྣམས་རུ་ཁག་ནང་ཞུགས་པའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། རུ་མི་གསར་པ་རྣམས་སྙིང་སྟོབས་རབ་ཏུ་འཕེལ་བ་དང་རུ་ཁག་གི་དར་ཆའི་འོག་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག་སྟེ་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་ནང་དངོས་སུ་ཞུགས་པ་རེད།
ཀྲོང་ཅིན་སུང་གིས་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་མཁན་རུ་མི་ཚོར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་ཐེན་ཅིན་ནས་ཡོང་བའི་ལོ་ཆུང་བྱིས་པ་ཚོར་དགའ་བསུ་ཞུས་ཤིང་། སློབ་གྲོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་ཆེད་དཔེ་དེབ་བལྟ་རྒྱུའི་སེམས་ཐག་གཙང་བཅད་ཀྱིས་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་བྱས་ཏེ་ཕུགས་འདུན་ཡོད་པའི་རྒྱུན་འཛིན་པ་ཚད་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་ཏེ་ཆུང་དུས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། རྒྱུད་ལ་བྱམས་པ་ལྡན་པ་དང་ཀུན་སྤྱོད་བཟང་བ། བརྩེ་བ་ལྡན་པའི་མི་ཞིག་ཏུ་འགྱུར་བར་བྱེད་དགོས། ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་འཚོ་བའི་གོམས་གཤིས་བཟང་པོ་དང་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་ཆགས་པར་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཤེས་ལྡན་མི་སྣ་གོ་ཆོད་པ་ཞིག་ཆགས་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཀྲོང་ཅིན་སུང་དང་ལའོ་ཆིན་འུའུ་རྣམ་གཉིས་ཀྱིས་ད་དུང་ལོ་ཆུང་བྱིས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།
ཀྲང་ཅན་ཧྭ་དང་། རྡོ་རྗེ་དགྲ་འདུལ། དངོས་གྲུབ་ཟླ་བ། ཝུའུ་དབྱིན་ཧའེ། ཅཱ་ཤིན་ཡུས། བློ་བཟང་ཡེ་ཤེས་བཅས་བྱེད་སྒོ་ཞུགས་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)