国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月03日

ལའོ་ཆིན་འུའུ་ཡིས་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ་ཁ་ཤས་སུ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས28ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་གྲོང་ཁྱེར་ཡིག་སྐུར་ངོ་གཏུག་ཅུས་དང་། ཆབ་མདོ་གཞི་གྲངས་ལྟེ་གནས། གྲོང་ཁྱེར་རྩིས་བཤེར་ཅུས། ཤར་ཕྱོགས་གློག་ཤུགས་ས་བབ་མཐོ་བའི་རླུང་གློག་ཐོན་ལས་རྟེན་གཞི། བོད་ལྗོངས་གཞོན་ནུའི་གསར་གཏོད་ལས་དོན་བྱ་གཞག་ཚད་ཡོད་འགན་འཁྲི་ཀུང་སི། ཁ་རུབ་ཆུས་མར་ཐང་སྲང་ལམ་དོན་གཅོད་ཁྲུའུ་དཀར་ཐང་ཁྲོམ་གཞུང་གྲོང་མི་ཨུ་ལྷན་བཅས་སུ་ཕེབས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། དམངས་འཚོ་འགན་སྲུང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

གྲོང་ཁྱེར་ཡིག་སྐུར་ངོ་གཏུག་ཅུས་སུ་ལའོ་ཆིན་འུའུ་ཡིས་ཡིག་སྐུར་ངོ་བཅར་གྱོད་གཞི་ཐག་གཅོད་བྱེད་པའི་མྱུར་ཚད་དང་མང་ཚོགས་ཀྱི་བསམ་འཆར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ནན་ཏན་བྱས་པ་རེད། ཡིག་སྐུར་ངོ་བཅར་གྱི་ལས་ཀའི་ལམ་སྲོལ་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་ཛ་དྲག་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་བརྒྱུད་དེ་འགག་སྒྲོལ་དང་གནད་འཕིགས་ཇུས་འདོན་ལ་དམིགས་ནས་འོས་འཚམ་གང་ལེགས་ཐག་གཅོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཆབ་མདོའི་གཞི་གྲངས་ལྟེ་གནས་སུ། ལའོ་ཆིན་འུའུ་ཡིས་གཞི་གྲངས་བཀོལ་སྤྱོད་འགྲེམ་སྟོན་ལ་ནན་ཏན་ངང་བལྟས་ནས་གཞི་གྲངས་ཆེན་མོའི་གྲོང་ཁྱེར་བཅོས་སྐྱོང་དང་སྤྱི་པའི་ཞབས་ཞུ་སོགས་ཐད་ཀྱི་ད་ལྟའི་བཀོལ་སྤྱོད་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཡོད།

གྲོང་ཁྱེར་རྩིས་བཤེར་ཅུས་སུ། ལའོ་ཆིན་འུའུ་ཡིས་རྩིས་བཤེར་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་འདས་ཟིན་པའི་ལོ་གཅིག་གི་རྩིས་བཤེར་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཡོད།

ཤར་ཕྱོགས་གློག་ཤུགས་ས་བབ་མཐོ་བའི་རླུང་གློག་ཐོན་ལས་རྟེན་གཞིའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ། ལའོ་ཆིན་འུའུ་ཡིས་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

གཞོན་ནུའི་ལས་གཏོད་བྱ་གཞག་ཚད་ཡོད་ཀུང་སིར། ལའོ་ཆིན་འུའུ་ཡིས་ལས་གཏོད་སློབ་ཆེན་སློབ་མ་ཚོས་ལས་སྟེགས་ཀྱི་ལེགས་ཆར་བརྟེན་ནས་རང་བརྟེན་ལས་གཏོད་ཀྱི་གོ་སྐབས་ཧུར་ཐག་འཚོལ་བ་དང་རང་འགུལ་ངང་ཁྲོམ་ར་སྦྲེལ་མཐུད་བྱས་ཏེ་ཁྲོམ་རའི་གཙོ་ཤུགས་དམག་ཏུ་ཧུར་ཐག་འགྱུར་རྒྱུར་སྐུལ་ལྕག་གནང་བ་རེད།

ཁ་རུབ་ཆུས་མར་ཐང་ཁྲོམ་གཞུང་དོན་གཅོད་ཁང་དཀར་ཐང་གྲོང་མི་ཨུ་ལྷན་དུ། ལའོ་ཆིན་འུའུ་ཡིས་སྡེ་ཁུལ་བཅོས་སྐྱོང་དང་དམངས་འཚོའི་ཞབས་ཞུ་སོགས་ཀྱི་ལས་དོན་ཤེས་རྟོགས་གཏིང་ཟབ་གནང་བ་དང་། གྲོང་མི་ཨུ་ལྷན་ནི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་གཞི་རིམ་རྩ་འཛུགས་ཆེ་ཤོས་ཡིན་པས། དྲིལ་བསྒྲགས་དང་སྐུལ་སློང་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་པ། མང་ཚོགས་ཀྱི་བསམ་ཚུལ་ཉན་པ། མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བཅས་བྱས་ཏེ། གྲོང་མིའི་བདེ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་དགོས་ཞེས་བསྟན།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)