国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月03日

ཀྲོང་ཅིན་སུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ།

ཀྲོང་ཅིན་སུང་གིས་ཧྭ་རོན་ཞོལ་ཧྭ་སྦི་རག (བོད་ལྗོངས )ཚད་ཡོད་ཀུང་སིའི་སློབ་སྦྱོང་གནས་ཚུལ་དང་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས28ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཡོངས་བསྒྲགས་ངང་སློབ་གསོ་སྤེལ་རྒྱུའི་ལམ་ནས་གཞི་རིམ་གྱི་འཐབ་ས་དང་པོར་ཕེབས་ཏེ། མང་ཚོགས་ཀྱིས་ཏང་ཡོན་དང་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱས་ཚུལ་གྱི་བསམ་འཆར་དང་གྲོས་འགོར་གསན་པ་དང་། གཞི་རིམ་གྱི་ཚན་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་ཡོད།

ཧྭ་རོན་ཞོལ་ཧྭ་སྦི་རག (བོད་ལྗོངས )ཚད་ཡོད་ཀུང་སི་རུ། ཀྲོང་ཅིན་སུང་གིས་ཁེ་ལས་ཀྱིས་སློབ་སྦྱོང་སློབ་གསོ་དང་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་ཤེས་རྟོགས་གནང་ཞིང་།

ཁོང་གིས་ཁེ་ལས་ཀྱིས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་། ཚན་རྩལ་ཞིབ་འཇུག་དང་གྲུབ་འབྲས་ལེགས་སྒྱུར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁྲོམ་རའི་འགྲན་རྩོད་ནུས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་ཡོད། འབྲེལ་ཡོད་ཚན་པས་ཞབས་ཞུའི་ཕན་ནུས་མཐོ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

ཁ་རུབ་ཆུས་མར་ཐང་མངགས་གཏོང་ཁང་དེ་སྔོན1951ལོར་བཙུགས་པ་ཡིན་ཞིང་། བོད་ཀྱི་སྤྱི་བདེ་མངགས་གཏོང་ཁང་ཨང་དང་པོ་དེ་ཡིན། ཀྲོང་ཅིན་སུང་དེ་གར་ཕེབས་ཏེ་སྤྱི་བདེ་མི་དམངས་ཉེན་རྟོག་པར་འཚམས་འདྲི་གནང་ཞིང་། ཁོང་གིས་གཞི་རིམ་གྱི་མངགས་གཏོང་ཁང་ནི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོ་དེ་ཡིན་པས། སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ཏེ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཉེན་ཁ་དང་སྔོན་འགོག་ཐད་བསམ་བློ་མང་ཙམ་གཏོང་བ་དང་། ཐབས་ཇུས་གནད་འཁེལ་མང་ཙམ་འདོན་པ་བཅས་བྱས་ནས་མང་ཚོགས་རེག་ཚོར་དང་གོ་ཆོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

རིན་ཆིས་སྨན་རྫས་ཁང་ཆེ་མོའི་ཏང་ཀྲི་པུའུ་རུ། ཀྲོང་ཅིན་སུང་གིས་ས་གནས་ས་ཐོག་ཏུ་གསར་གཉིས་རྩ་འཛུགས་ཏང་འཛུགས་སྐྱོང་གི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། དམངས་གཉེར་དཔལ་འབྱོར་མི་སྣས་ཏང་འཛུགས་ལས་དོན་དང་ཁེ་ལས་གཉེར་སྐྱོང་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། ཏང་ཀྲི་པུའུ་ཡི་ནུས་པ་འདོན་སྤེལ་བྱས་ཏེ། ལས་རིགས་དགེ་བརྩོན་ཡར་ཐོན་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་ཁྲིད་སྟོན་བྱེད་དགོས་པའི་སྐུལ་ལྕག་བཏང་ཡོད།

ཀྲོང་ཅིན་སུང་ཁ་རུབ་ཆུས་མར་ཐང་སྡེ་ཁུལ་དམངས་བདེ་ཟ་ཁང་དུ། མགྲོན་པོ་དང་ལས་བཟོ་པར་གླེང་མོལ་བྱས་ཏེ་བསམ་འཆར་དང་གྲོས་འགོར་གསན་ཡོད། ཀྲོང་ཅིན་སུང་གིས་དམངས་བདེ་ཟ་ཁང་སྒྲུབ་པར་ཁས་ལེན་གནང་ཞིང་། ཁོང་གིས་དམངས་འཚོ་ནི་དོན་ཆུང་མིན་པས། རིམ་ཁག་ཏང་ཨུད་སྲིད་གཞུང་གིས་འགན་འཁྲི་བློ་ལ་བརྟན་པོར་འཆང་ཏེ་དམངས་ཀྱི་ཆེད་དུ་ཐོག་མའི་བསམ་འདུན་སྲུང་བ་དང་། སྲིད་ཇུས་ཀྱི་འགན་ལེན་དང་འཁོར་སྐྱོད་ཀྱི་སྒྲིག་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་དོན་བཟང་ཡག་པོ་སྒྲུབ་པ་དང་དོན་དངོས་ཏན་ཏིག་ངང་སྒྲུབ་པར་འགན་ལེན་བྱེད་དགོས་ཅེས་བསྟན།

རྟོག་ཞིབ་གནང་རིང་། ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་གཟབ་ནན་སྒོས་སྤེལ་བར་སྐུལ་སྤེལ་བཏང་སྟེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ་དང་། ཉེན་ཟོན་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་དེ་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་གསལ་པོ་བཟོས་ནས་ཁ་གཏད་རང་བཞིན་གྱིས་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་དགོས། རྒྱ་ཆེའི་ཏང་ཡོན་གྱིས་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ་ལས་རྐང་ལ་གཞི་ཚུགས་ནས་འགན་འཁྲི་འཁུར་བ་དང་། དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་སྤྱོད་ཚུལ་ལེགས་སྒྱུར་དང་སྲོལ་གསར་འཛུགས་པ་ལས་ཐོབ་པའི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་ཚོར་ཏུ་འཇུག་དགོས་པའི་ནན་བཤད་གནང་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)