国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月03日

དམ་བཅའ་མི་འགྱུར་རིན་ཆེན་གཡུ་ལྟར་བརྟན།

-དཔལ་འབར་རྫོང་སྤྱི་གླིང་ཤང་ཡུལ་གོང་མགུ་གྲོང་སྡོད་ལས་དོན་རུ་ཁག་སྐོར་བཀོད་པ།

སྒྲིག་པ་པོའི་གཏམ།

ལོ་ངོ་དྲུག་ཅུའི་ཀྱག་ཀྱོག་གི་བཞུད་ལམ་ནང་བོད་རང་སྐྱོང་ལྗོངས་ཀྱིས་ལོ་ཟླའི་ཆུ་རྒྱུན་རིང་མོའི་ཁྲོད་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་སྙན་ངག་བརྩམས་ཡོད། ལས་བྱེད་པ་གྲོང་སྡོད་ལས་དོན་བྱ་རྒྱུ་དེ་བོད་ཀྱི་གཞི་རིམ་འཕེལ་རྒྱས་གཏོང་བའི་འགག་རྩའི་སྟོབས་ཤུགས་ཅིག་ཏུ་བརྩིས་ཏེ། ལོ་ངོ་གང་མང་རིང་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། མགོ་ཀྱ་ཀྱོར་མགོ་ཚུགས་ནས་མཇུག་ཚད་ལྡན་རིམ་ལྡན་དང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བར་མི་གྲངས་མེད་ཀྱི་དཀའ་སྡུག་དང་རྔུལ་ཆུ་འདྲེས་ཡོད། དེས་བོད་ཀྱི་གཞི་རིམ་གྱི་འཕེལ་རྒྱས་ལ་སྐུལ་སྤེལ་དང་གྲོང་གསེབ་དར་རྒྱས་བྱ་གཞག་ལ་རོགས་རམ་བཏང་བར་མ་ཟད། ལས་བྱེད་པ་འཆར་ལོངས་དང་སྦྱོང་བརྡར་བྱེད་པའི་གར་སྟེགས་སུ་ཆགས་ཡོད། 2024ལོར། ཆབ་མདོ་གྲོང་ཁྱེར་གྱི་ཁག་བཅུ་གསུམ་པའི་གྲོང་སྡོད་ལས་བྱེད་པ་གྲོང་གསེབ་ཏུ་རྐང་ཚུགས་ཏེ།“གཙོ་གནད་ལས་འགན་ཁག་ལྔའི”མཐའ་འཁོར་དུ“གསར་བརྗེའི་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོར་དམ་པོ་དམིགས་ཏེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”དམིགས་འབེན་མངོན་འགྱུར་ཡོང་ཆེད་དངོས་འཛིན་དངོས་སྒྲུབ་བྱས་ཡོད།

དེ་རིང་ནས་བཟུང་། འདི་ག་ཚགས་པར་ཐོག《ལོ་ངོ་དྲུག་ཅུར་བསྟོད་པ་འབུལ། འགན་འཁྲི་བརྟན་པོ་གྲོང་གསེབ་ཡོད།》ཅེས་པའི་ཆེད་སྒྲིག་བཟོས་ནས་གྲོང་སྡོད་ལས་བྱེད་པ་དང་མང་ཚོགས་ལག་གདང་སྦྲེལ་ཏེ་འབད་འབུངས་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་རྒྱུ་ཡིན་པས་ཚང་མས་དོ་ཁུར་གནང་བར་ཞུ།

དཔལ་འབར་རྫོང་སྐྱིད་གླིང་ཤང་གཡུལ་ཁང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལོ་རབས90པའི་ནང་སྐྱེས་ཀྱི་གཞོན་ནུ་ཁག་གཅིག་ཡིན་ཞིང་ཁོང་ཚོས་གཞི་རིམ་དུ་གཞི་ཚུགས་པ་དང་། ལྷག་བསམ་ཟོལ་མེད་ངང་མ་མཐའི་འཚོ་བ་འགན་ལེན་ནས་ཕྱིར་འཐེན་དང་། ཁོར་ཡུག་བཅོས་སྐྱོང་། མཚན་མོའི་སློབ་གྲྭ་གཉེར་བ། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་གཏོང་འགོ་འཛུགས་པ་བཅས་བྱས་ནས་ས་རྒྱུ་གཤིན་པོ་འདིར་རེ་བ་གསར་པ་སྦྱིན་ཡོད་པ་རེད།

ལྗོངས་ལྷ་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་གངས་གསོག་ཐེབས་ནས་སྔོ་ཐིང་ངེར་གནས་པ་དང་། ས་བབ་མཐོ་ཚད་སྨི3380ཟིན་པའི་བོད་ཤར་གྲོང་ཚོར་ལས་ལ་གཞོལ་འགོ་ཚུགས་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཀྱང་མིང་ཐོ་འབོད་ནས་ཉིན་ཞིག་གི་ལས་འགོ་ཚུགས་པ་རེད།

གཡུལ་ཁང་གྲོང་ཚོ་ནི་ཤར་གངས་ལའི་འདབས་ཀྱི“རིན་ཆེན་གཡུ”ལྟ་བུ་ཧ་ཅང་མཛེས་པའི་གྲོང་་ཚོ་ཡིན་པ་དང་། སྔོན་ཆད་ཀྱི་ཁེར་ཆགས་གླིང་ཕྲན་དེ་ད་ཆ་རྒྱལ་ལམ349ཐོག་གི་ལྟེ་བར་གྱུར་ཡོད། ཞོགས་པའི་ཉི་འོད་ཁྲོད་ཟོག་འདྲེན་རླངས་འཁོར་གྱི་དུང་སྒྲ་དང་། ཚོང་ཁང་གི་ཞོགས་པའི་རོལ་དབྱངས། རྒྱུས་མངའ་ཆེ་བའི་ཡུལ་སྐད་བཅས་ཀྱིས་སྒོ་དབྱེའི་རོལ་དབྱངས་གསར་པ་དཀྲོལ་ཡོད།

གྲོང་སྡོད་ལས་དོན་རུ་ཁག་གིས་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་བྱེད་རིང་ཁྱིམ་ཚང་འགའ་ཞིག་གི་དཔལ་འབྱོར་ཆ་རྐྱེན་ལེགས་སུ་ཕྱིན་མོད། འོན་ཀྱང་སྔར་བཞིན་མ་མཐའི་འཚོ་བ་འགན་ལེན་ལོངས་སུ་སྤྱོད་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད། འདི་ལྟ་བུའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད་གྲོང་སྡོད་ལས་དོན་རུ་ཁག་གིས་ཚད་ལེན་ཞིབ་རྩིས་དང་ཁ་ཏ་བསླབ་བྱ་བྱས་མཐར་ཟླ་བ་གྲགས་པ་དང་འདྲ་བའི་མང་ཚོགས་དུད་ཚང4ཡིས་མ་མཐའི་འཚོ་བ་འགན་ལེན་ནས་དོན་རྒྱུའི་མོས་མཐུན་བྱས་པ་རེད། དེ་རྗེས་ཡེ་གྲུབ་ལྷ་མོ་སོགས་འཚོ་བར་དཀའ་ངལ་ཡོད་པའི་དུད་ཚང་བཞིའི་མང་ཚོགས་ལ་མ་མཐའི་འཚོ་བའི་འགན་ལེན་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

གཡུལ་ཁང་གྲོང་ཚོས་འཁྱགས་རོམ་དང་། མཚེའུ། འདམ་ར་སོགས་ཀྱི་མཛེས་ལྗོངས་ལ་བརྟེན་ནས“དཔྱིད་ཀར་སྟག་མ་མེ་ཏོག་དང་། དབྱར་ཁར་མེ་ཏོག་སྣ་ཚོགས། སྟོན་ཁར་ནགས་ཚལ། དགུན་ཁར་གངས་ལ་ལྟད་མོ་ལྟ་ཆོག་པའི”ཡུལ་སྐོར་ལམ་ཐིག་ཇུས་འགོད་བྱས་པས་གཡུལ་ཁང་གྲོང་ཚོ་འདི་ཉིད་བོད་ལྗོངས་ཀྱི་ཡུལ་སྐོར་བྱེད་གནས་རྩེ་གྲ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།

གྲོང་ཚོར་བཅའ་སྡོད་ལས་དོན་ནི་གཅིག་རྗེས་གཉིས་མཐུད་ངང་སྤེལ་དགོས་པ་རེད། སྟར་ཤིང་གིས་ཁ་བའི་གོས་དཀར་བཀླུབས་པས་ན། སྔོན་ཆད་ཀྱི་ཁས་ལེན་དེ་རིན་ཆེན་གཡུ་དང་འདྲ་བར་ལོ་ཟླའི་ནང་དྲོ་སྐྱིད་ལྡན་པ་ཞིག་བྱུང་བ་དང་། གཡུལ་ཁང་གྲོང་ཚོའི་གཏམ་རྒྱུད་དེ་ཤར་ཕྱོགས་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བཞིན་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)