འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས26ཉིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་རྒྱལ་དར་བསུ་ལེན་བྱེད་པའི་མཛད་སྒོ་དེ་ཆབ་མདོ་བཅིངས་འགྲོལ་ཐང་ཆེན་དུ་འཚོགས་པ་རེད། ཆབ་མདོ་གྲོང་ཁྱེར་ལ་བཅིངས་འགྲོལ་ཐོབ་ནས་ལོ70འཁོར་བའི་ཉིན(2020ལོའི་ཟླ10པའི་ཚེས19ཉིན)མོར། རྒྱལ་དར་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ལྷབ་ལྷུབ་ཏུ་གཡོ་མྱོང་། རྒྱལ་དར་སྲུང་སྐྱོབ་རུ་ཁག་རྒྱལ་དར་བགྲེངས་ཡུལ་དུ་བསྐྱོད་ནས་དར་ཆ་བསྟན་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟི་བརྗིད་ལྡན་པའི་དུས་སྐབས་མཉམ་སྤྱོད་བྱས་པ་རེད།
པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གནམ་བདེ་སྒོ་མོ་ཆེ་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་བསྩལ་བའི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་རྒྱལ་དར(ཨང་རྟགས2020__0094)འདི་ནི། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བ་དང་ཆབ་མདོར་བཅིངས་འགྲོལ་ཐོབ་ནས་ལོ75འཁོར་བའི་སྔ་རོལ་དུ། རྒྱལ་ས་པེ་ཅིང་ནས་མཐའ་མཚམས་སུ་འབྱོར་བ་དང་། དེས་ཆབ་མདོ་གྲོང་ཁྱེར་གོང་འོག་ཡོངས་ཀྱི་རྒྱལ་གཅེས་ཀྱི་གཟི་བརྗིད་ལྡན་པའི་བསམ་པ་དང་རྒྱལ་ཁབ་སྟོབས་ལྡན་གྱི་ལས་འགན་བསམ་པར་ཤུགས་བསྩལ་ཅིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འབུངས་མདུན་སྐྱོད། བཀའ་དྲིན་ཚོར་བ་དང་ཡར་ཐོན་བརྩོན་ལེན་བྱེད་པར་སྐུལ་མ་བཏང་ཡོད།
ཉིན་དེའི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་རྒྱལ་དར་བསུ་བའི་མཛད་སྒོ་དེ་བཅིངས་འགྲོལ་ཐང་ཆེན་དུ་གཉེར་ཞིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་མཛད་སྒོ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་མཛད་སྒོ་གཙོ་སྐྱོང་གནང་ཡོད།
ཀྲོང་ཅིན་སུང་གིས་ཆབ་མདོའི་གཡུལ་འགྱེད་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བར་དང་། དམངས་གཙོའི་བཅོས་སྒྱུར་ནས་དེང་རབས་ཅན་འཛུགས་སྐྲུན་བར་སྐར་ལྔའི་དར་དམར་གྱིས་ང་ཚོར་དཀའ་ངལ་དང་ཉེན་ཁ་ལས་བསྒྲལ་ཞིང་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཁྲིད་སྟོན་བྱས་དང་བྱེད་བཞིན་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་རྒྱལ་དར་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དུས་མཚམས་གལ་ཆེན་དང་སློབ་གསོའི་ཁོར་ཡུག་གལ་ཆེན་དུ་བརྗིད་ཉམས་ལྡན་པའི་ངང་དྲིལ་བསྒྲགས་བྱས་ནས་རླབས་ཆེན་མེས་རྒྱལ་དང་།ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་། རང་རྟོགས་ངང་རྒྱལ་དར་ལ་དད་གུས་བྱེད་པ་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི”ལས་ཀའི་དམིགས་ཚད་གཏན་འཁེལ་བྱས་ཏེ་འགན་འཁྲི་གསར་པ་འཁུར་བ་དང་བྱ་བ་གསར་པར་བརྟེན་ནས་ཆབ་མདོ་ལ་གཟི་བརྗིད་བསྣན་དགོས་ལ། བོད་ལྗོངས་མ་ཟད་རྒྱལ་ཡོངས་ལ་གཟི་བརྗིད་བསྣན་ནས“ཆབ་མདོ་ནི་བོད་ཀྱི་སྐར་ལྔའི་དར་དམར་སྒྲེང་ཡུལ་ཐོག་མར་ཡིན་པའི”ལ་རྒྱ་དང་གཟི་བརྗིད་མཐའ་གཅིག་ཏུ་བསྲུངས་ནས་ཆབ་མདོར་སྐར་ལྔའི་དར་དམར་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས་ཞེས་གསུངས།
མཛད་སྒོའི་མཇུག་ཏུ། རྒྱལ་དར་སྲུང་སྐྱོབ་རུ་ཁག་གིས་རྒྱལ་དར་དེ་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་མཛོད་ཁང་དུ་སྲུང་སྐྱེལ་བྱས་ཤིང་།“ཆབ་མདོ་གཡུལ་འགྱེད་དྲན་གསོ་བྱེད་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”གྱི་ཆེད་དོན་འགྲེམས་ཁང་ནང་གཏན་དུ་བཤམས་སྟོན་བྱས་ཡོད།
ཆབ་མདོ་གྲོང་ཨུད་དང་། མི་དམངས་འཐུས་མི་ཚོགས་ཆེན། སྲིད་གཞུང་། སྲིད་གྲོས་བཅས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པ། དེ་བཞིན་ཁ་རུབ་ཆུས་ཀྱི་ལས་བྱེད་ལས་བཟོ་དང་། དཔུང་སྡེའི་དཔོན་དམག མང་ཚོགས། སློབ་མའི་འཐུས་མི་བཅས་མི400ལྷག་ཙམ་ཞུགས་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)