国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月27日

རྟེན་འབྲེལ་ཆེ་མོར་བསུས་ནས་ཏང་དྲིན་བསྟོད་གླུ་འབུལ། དམར་མདངས་ཆབ་མདོའི་ཞིམ་ཟས་བྲོ་བ་ཧ་ཅང་ཡག

-“དྲི་ཞིམ་ཆབ་མདོ”རྟགས་མའི་ཞིམ་ཟས་འགྲན་སྡུར་ཆེ་མོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས22ཉིན།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ལས“དྲི་ཞིམ་ཆབ་མདོ”རྟགས་མའི་ཞིམ་ཟས་འགྲན་སྡུར་ཆེ་མོ་དེ་ཇ་རྟའི་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་བ་རེད། ཐེངས་འདིའི་འགྲན་སྡུར་གྱིས“རྟེན་འབྲེལ་ཆེ་མོར་བསུ་བ་ཞུ། ཏང་གི་བཀའ་དྲིན་བསྟོད་གླུ་འབུལ། མཉམ་དུ་འབད་འབུངས་མདུན་སྐྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ལག་ཟས་འཇོན་ཐང་ཅན་དང་ཞིམ་ཟས་དགའ་མོས་མཁན་མང་པོ་སྤྲོ་སེམས་ངང་ཞུགས་པར་ཡིད་དབང་འགུགས་པ་དང་།

ཚང་མས་ཟས་མཆོག་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་འགྲོ་བར་རོགས་སྤེལ་དང་ཆབ་མདོའི་ཟས་མཆོག་རིག་གནས་དར་སྤེལ་བཅས་བཏང་སྟེ་གྲོང་མིར་ཞིམ་ཟས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་ཡོད།

ཆབ་མདོ་གྲོང་ཁྱེར་གྱི་ལས་རིགས་ཁག་དང་། རྫོང་ཆུས་ཁག་ནས་ཡོང་བའི་འགྲན་ཞུགས་རུ་ཁག10གར་སྟེགས་གཅིག་གི་ཐོག་ཏུ་འགྲན་སྡུར་བྱས་པ་རེད།

ཐེངས་འདིའི་ཞིམ་ཟས་འགྲན་སྡུར་གཉེར་བ་དེ་ནི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”དབྱངས་རྟ་གཙོ་བོའི་ཁྲོད་ཀྱི་ལེའུ་གཅིག་ཡིན་ལ། རང་རེའི་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་བསུ་བ་ཞུ་བའི་ལག་ལེན་ཞིག་དེ་བས་ཀྱང་ཡིན། འགྲན་སྡུར་འདི་ཉིད་བདེ་འཇགས་རིམ་ལྡན་དང་གཞན་ལས་ཁྱད་འཕགས་ཡོང་ཆེད། གཙོ་སྒྲུབ་ཕྱོགས་ཆབ་མདོ་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་། སྤྱི་བདེ་ཅུས། མཁར་གྲོང་དོ་དམ་ཅུས། ཁྲོམ་རའི་དོ་དམ་ལྟ་སྐུལ་ཅུས། འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་སོགས་ཚན་པ་དང་མཉམ་འབྲེལ་སྒོ་ནས་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བར་འགན་ལེན་བྱས་པ་དང་ཆབས་ཅིག་ཏུ་ཟས་རིགས་ལ་ནན་ཏན་ངང་ཞིབ་བཤེར་བྱས་ལ། འགྲན་ཞུགས་མི་སྣ་ཚང་མའི་བདེ་ཐང་ལུས་བཤེར་ཡག་པོ་སྒྲུབ་པ་དང་བདེ་འཇགས་ཉེན་འགོག་བརྟན་པོར་བཙུགས་པས། ཚང་མར་བློ་བདེ་དང་། སེམས་སྐྱིད། ཡིད་དགའ་བ་བཅས་ཀྱི་ཟས་མཆོག་གཟབ་རྒྱས་ཤིག་མངོན་པར་བྱས་ཡོད།

གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཏུང་མའེ་ཡིས་ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ལོ་ཡིན་པ་དང་། ང་ཚོས་ཐེངས་འདིའི་ཞིམ་ཟས་འགྲན་སྡུར་སྤེལ་བ་ནི“རྟེན་འབྲེལ་ཆེ་མོར་བསུ་བ་ཞུ། ཏང་གི་བཀའ་དྲིན་བསྟོད་གླུ་འབུལ། མཉམ་དུ་འབད་འབུངས་མདུན་སྐྱོད་བྱེད”པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་ནུས་ལྡན་མངོན་ཚུལ་ཞིག་ཀྱང་ཡིན། རྗེས་མར་ང་ཚོས“དམར་མདངས་ཆབ་མདོ། ཞིམ་ཟས་གྲོང་ཁྱེར”གྱི་རིག་གནས་ཚོང་རྟགས་གཏོད་དེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བསྐྲུན་པར་སྒུལ་ཤུགས་བསྣན་རྒྱུ་ཡིན་ཞེས་བཤད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་བྱེད་སྒོ་ཞུགས་པ་མ་ཟད་ས་གནས་ས་ཐོག་ཏུ་ལས་དོན་ལ་མཛུབ་ཁྲིད་བྱས་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)