དཔའ་ཤོད་རྫོང་སྤྱི་དར་ཤང་སྤྱི་དར་གྲོང་ཚོའི་དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་ས་ཚིགས་སུ་ཚ་ལ་ལས་སྣོན་ཚོང་ཁང་ཞིག་ཡོད་པ་དེས་ཉེ་འགྲམ་གྱི་གྲོང་མིར་ཚ་ལ་ལས་སྣོན་གྱི་ཞབས་ཞུ་བྱེད་ཀྱིན་ཡོད། ཚོང་ཁང་དེའི་ཚོང་བདག་བསོད་ནམས་ཚེ་རིང་གི་མི་ཚེ་བརྒྱུད་རིམ་ནི་ཚ་ལ་ལས་འཕྲོས་པའི་མེ་སྟག་བཞིན་དུ་མི་ཚེའི་ལམ་བུ་གསལ་བར་བྱས་ཡོད།
གསར་འགོད་པས་དཔའ་ཤོད་རྫོང་སྤྱི་དར་ཤང་དུ་བསོད་ནམས་ཚེ་རིང་མཐོང་སྐབས། ཁོ་ས་ཐོག་ཏུ་བསྡད་དེ་འཇོར་བུ་ལ་ཚ་ལ་རྒྱག་བཞིན་འདུག
གཟུགས་ནི་ཆུང་ཡང་། བསོད་ནམས་ཚེ་རིང་ནི་རིག་པ་སྤྱང་གྲུང་ལྡན་ལ་ལས་ཀར་ཚེགས་ཡངས་ཆེ་བས་ཉེ་འཁོར་གྱི་མི་ཚང་མས་ཡིད་ཆེས་ཆེན་པོ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་ནི1984ལོའི་ཟླ5པར་དཔའ་ཤོད་རྫོང་སྤྱི་དར་ཤང་གྲོང་གྲོང་ཚོ་སྐྱེས་པ་དང་། ཕ་མ་གཉིས་ཀྱི་ཕྲུ་གུ་གཅིག་པུ་དེ་ཡིན།
2005ལོར། ཁོ་གློ་བུར་དུ་རྨས་སྐྱོན་ཕོག་ཏེ་དུས་ཐོག་ཏུ་སྨན་བཅོས་མ་ཐུབ་པས་ཚེ་གང་བོར་དབང་པོ་སྐྱོན་ཅན་ཏུ་གྱུར་ནས་རྒྱུན་ལྡན་གྱི་མི་ལྟར་འགྲོ་སྐྱོད་མ་བྱུང་བ་དང་། ཁྱིམ་ཚང་གི་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་ཕར་ཞོག རྒྱུན་ལྡན་གྱི་འཚོ་བ་ཡང་ཕ་མར་བརྟེན་དགོས་བྱུང་བ་རེད།
2010ལོར། ལོ26སོན་པའི་བསོད་ནམས་ཚེ་རིང་གིས་བཟའ་ཟླ་ཤེལ་དཀར་དཔལ་སྒྲོལ་དང་གཉེན་སྒྲིག་བྱས། གཉེན་སྒྲིག་རྗེས་ཅུང་མ་འགོར་བར་ཨ་ཕར་ནད་ཕོག་ནས་ཚེ་ལས་འདས་པས་ཁྱིམ་ཚང་གི་ཡོད་ཚད་ཁོ་དང་བཟའ་ཟླ་གཉིས་ཀྱི་མགོ་ཐོག་ལ་བབས། བཟའ་ཟླ་ཤེལ་དཀར་དཔལ་སྒྲོལ་གྱིས་ལོ་ན་མཐོ་བའི་ཨ་མ་དང་། དབང་པོ་སྐྱོན་ཅན་གྱི་བསོད་ནམས་ཚེ་རིང་དང་ལོ་ན་ཆུང་བའི་བུ་མོ་བཅས་ལ་ལྟ་རྟོག་བྱེད་དགོས་པའི་ཁར་ཞིང་ལས་གཉེར་དགོས་བྱུང་ཡང་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་ཡོད་པ་རེད།
ཁྱིམ་ཚང་གི་དཔལ་འབྱོར་གནོན་ཤུགས་སེལ་ཆེད། 2013ལོ་ནས་བཟུང་བསོད་ནམས་ཚེ་རིང་གི་གཟུགས་གཞི་ཅུང་ཙམ་བདེ་ཐང་གྱུར་ཏེ་རང་ཁྱིམ་དུ་ཚ་ལའི་ལག་རྩལ་སྦྱངས་མགོ་ཚུགས།
2017ལོར། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཏུ་བསོད་ནམས་ཚེ་རིང་ཁྱིམ་མི་གང་བོ་སྤྱི་དར་ཤང་གྲོང་གྲོང་ཚོ་ནས་སྤྱི་དར་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་སུ་གནས་སྤོས་པ་རེད།
སྐབས་དེར། གནས་སྤོ་གྲོང་མིའི་ལས་ཞུགས་གནད་དོན་ཐག་གཅོད་བྱ་ཆེད། སྤྱི་དར་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཁང་འོག་གཡར་ཏེ་ཚོང་ཁང་ཕྱེས་རྒྱུའི་སྐུལ་སློང་བྱས།
སྤྱི་དར་ཤང་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག མི་འགྱངས་པར་བསོད་ནམས་ཚེ་རིང་གིས་རིན་མེད་ངང་ཁང་པ་གཅིག་ཅན་གྱི་ཚོང་ཁང་ཞིག་གླས་པ་དང་། ད་དུང་ཁོའི་དོན་དངོས་གནས་ཚུལ་རྫོང་རིམ་པའི་འབྲེལ་ཡོད་ཚན་པར་སྙན་སེང་ཞུས།
དཔའ་ཤོད་རྫོང་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་གནས་ཚུལ་དེ་ཤེས་རྗེས། དེ་མ་ཐག་ཏུ་ལས་གཏོད་དབུལ་སྐྱོར་མ་དངུལ་སྒོར་ཁྲི2སྤྲད་པ་མ་ཟད་ཁོར་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་བསྒྲུབ། སྒོར་མོ་འདིས་ཁོས་གཅོད་འབྲེག་འཕྲུལ་འཁོར་དང་། གློག་ཚལ་སོགས་ཀྱི་སྒྲིག་ཆས་ཉོས་ཏེ་ལྕགས་རིགས་ལས་སྣོན་ཚོང་ཁང་གི་སྒོ་ཕྱེས་པ་རེད།
2021ལོར། དཔའ་ཤོད་རྫོང་དམངས་སྲིད་ཚན་པའི་སྣེ་ཁྲིད་འོག་བསོད་ནམས་ཚེ་རིང་ལ་རིན་མེད་ངང་སྨན་བཅོས་བྱས་པ་དང་། ལོ་གཉིས་རིང་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་གྲོང་ཁུལ་གྱི་སྨན་ཁང་དང་ལྷོ་རོང་རྫོང་མི་དམངས་སྨན་ཁང་དུ་་གྲུམ་བུ་ཚིགས་ཆེན་གཤགས་བཅོས་བྱེད་པར་སྐྱེལ་བ་རེད།
2023ལོའི་ཟླ12པར། བསོད་ནམས་ཚེ་རིང་དཔའ་ཤོད་རྫོང་གིས་མངགས་གཏོང་གིས་ཆབ་མདོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མཉམ་སྒྲུབ་བྱས་པའི“བོད་ཤར་བཟོ་བོ”རྟགས་མའི་ལས་རིགས་ལག་རྩལ་འགྲན་སྡུར་ཆེ་མོ་ཞུགས་ཏེ་མཐར་ཨང་གསུམ་པ་བླངས།
2025ལོའི་ཟླ5པར། དཔའ་ཤོད་རྫོང་སྤྱི་དར་ཤང་གིས་བསྒྲུབ་པའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”དེང་རབས་ཐོན་སྐྱེད་ལག་རྩལ་གྱི་ཚ་ལ་འགྲན་སྡུར་ཁྲོད། བསོད་ནམས་ཚེ་རིང་གིས་ཨང་དང་པོའི་བྱ་དགའ་བླངས་པ་རེད།
བསོད་ནམས་ཚེ་རིང་གིས་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་ཉིད་ཀྱི་ལས་རོགས་ཁྲིད་དེ་ཉེ་འཁོར་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན་ཞེས་བཤད། (ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར)