国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月27日

ཆབ་མདོ་ནས་ཁྲུང་ཆིང་བར་གྱི“ཕྱོགས་གཉིས་ཀྱི་མཛོད་ཁང”དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བཏོན་པའི་མ་རྩ་ཆུང་དུ་གཏོང་རྒྱུ་དང་ཆབ་མདོའི་ཐོན་རྫས་ཕྱི་ལ་འདོན་རྒྱུའི་བླང་བྱར་གཞིགས་ནས། ཟླ5ཚེས24ཉིན། བོད་ལྗོངས་ཆབ་མདོ་དང་ཁྲུང་ཆིང་དབར་གྱི་ཕྱོགས་གཉིས་ཀྱི་མཛོད་ཁང་རྣམ་གྲངས་འགོ་ཚུགས་ཀྱི་རླངས་འཁོར་སྤྲོད་པའི་མཛད་སྒོ་ཁྲུང་ཆིང་གྲོང་ཁྱེར་ཅང་ཅིན་ཆུས་སུ་གཉེར་བ་རེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་བདེ་སྒྲོན་དང་། ཁྲུང་ཆིང་གྲོང་ཁྱེར་ཚོང་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕོང་ཧེ་ལན་དང་ཁྲུང་ཆིང་གྲོང་ཁྱེར་ཅང་ཅིན་ཆུས་ཨུད་ཀྱི་རྒྱུན་ཨུ་ཆུས་ཀྲང་གཞོན་པ་ཝུའུ་བིན་ཧྲང་བཅས་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

རླངས་འཁོར་སྤྲོད་པའི་མཛད་སྒོའི་ཐོག་སྟབས་བདེ་ལ་བོངས་ཆེ་བ་ཚོང་ཟོག་ལྟེམ་ལྟེམ་གང་བླུག་པའི་རླངས་འཁོར་མང་པོ་བང་བསྒྲིགས་ནས་གྲབས་གཤོམ་ལེགས་པར་བྱས་ཡོད་པ་དེ་དག་སྤྱི་ལེ་སྟོང་ཕྲག་བརྒྱུད་དེ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཚོང་རའི་བསྡུ་འགྲེམ་ལྟེ་གནས་ཀྱི་མཛོད་ཁང་ཡོད་སར་བསྐྱོད་འཆར་ཡོད་པ་རེད།

ས་ཕྱོགས་གཉིས་ཀྱི་མཛོད་ཁང་སྒོ་ཕྱེ་རྗེས། ཆབ་མདོའི་ལུང་ཁུག་མ་ཚུད་པའི་ས་ཕྱོགས་གཞན་དག་ལ་དྲ་ཐོག་གི་ཚོང་ཟོག་ཆུང་ཆུང་རེར་བསྐུར་གླ་སྒོར20ནས་སྒོར4བར་ཕབ་ཡོད་ལ་དེ་སྔོན་བསྐུར་བའི་དུས་ཡུན་ཉིན7ནས11བར་དགོས་ཀྱང་ད་ལྟ་ཉིན3ཡས་མས་མ་གཏོགས་དགོས་ཀྱིན་མེད་པ་རེད། ད་རུང་ཆབ་མདོའི་ཕྱོགས་ལ་ཤིང་ཏོག་སོས་པ་དང་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ཁེངས་རྫས། རྒྱ་ཁོག་གི་ཟས་སྣ་སོགས་མཁོ་སྤྲོད་བྱ་འཆར་ཡོད་པས་ཆབ་མདོ་གྲོང་ཁྱེར་གྱི་དམངས་འཚོ་དང་འབྲེལ་བའི་དངོས་ཟོག་ཆེ་ཁག་རྣམས་ལ་དམིགས་ནས་སྡེབ་ཚོང་གི་གོང་ཚད་བརྒྱ་ཆའི་བཅུ་དང་བརྒྱ་ཆའི་ཉི་ཤུ་བར་ཕབ་རྒྱུ་ཡིན་པ་རེད།

རླངས་འཁོར་སྤྲོད་པའི་མཛད་སྒོའི་ཐོག་ས་ཕྱོགས་གཉིས་ཀྱི་མཛོད་ཁང་གཉེར་སྐྱོང་བྱེད་མཁན་ཆབ་མདོ་ཁམས་ཆོས་མཁོ་འཚོང་ཚད་ཡོད་འགན་འཁྲི་ཀུང་སི་ཡིས་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད་དེ། གཅིག་ནས་ཆབ་མདོའི་རང་ཡུལ་ནས་ཁེ་ལས་འཛུགས་མཁན་དང་ཡང་ན་ཆབ་མདོར་མིག་མཐོང་ལག་ཟིན་གྱི་ལས་སྒོ་གཉེར་མཁན་གྱི་ཁྲུང་ཆུང་གི་ཁེ་ལས་རྣམས་ཡིན་ན་ཆབ་མདོའི་བསྡུ་འགྲེམ་ལྟེ་གནས་ཀྱི་མཛོད་ཁང་དང་ཁྲུང་ཆིང་གི་གྲབས་གསོག་མཛོད་ཁང་བེད་སྤྱོད་གཏོང་དུས་ཚོང་ཟོག་སྣ་ཚོགས་འཁོར་རྒྱུག་ཡུན་ཚད་ཀྱི་དུས་དང་མཐུན་ན་མཛོད་ཁང་གི་གླ་ཆ་མི་དགོས་པ་དང་། གཉིས་ནས་ཁྲུང་ཆིང་དང་ཆབ་མདོའི་དབར་ཆེད་དུ་ཚོང་ཟོག་སྐྱེལ་འདྲེན་བྱེད་རྒྱུ་སྟེ། ཁེ་ལས་ཁག་གི་སྐྱེལ་འདྲེན་བྱེད་དགོས་པའི་ཚོང་ཟོག་ཐོར་ཐུར་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་རླངས་འཁོར་གཅིག་ནང་བླུག་སྟེ་སྐྱེལ་འདྲེན་བྱ་རྒྱུ་དང་། བརྡལ་གླ་ཕབ་གཅོག་དང་ཚོང་ཟོག་བསྐུར་གླའི་ཁ་གསབ་སྤྲོད་པ་སོགས་ཀྱི་ལམ་ནས་ཁེ་ལས་དག་ལ་བརྡལ་གླ་ཆུང་དུ་གཏོང་རྒྱུ་དང་། གསུམ་ནས་གཉེར་སྐྱོང་བྱེད་མཁན་ཕྱོགས་ནས་བོད་ལ་ཞབས་ཞུ་སྒྲུབ་མཁན་གྱི་ཁེ་ལས་དག་ལ་རིན་མི་དགོས་པར་ཐོན་ཁུངས་མཐུན་སྦྱོར་བྱ་རྒྱུ་དང་དམིགས་ཡུལ་ཡོད་པའི་སྦྱོང་བརྡར་སྤྲས་ནས་ཆབ་མདོར་ཡོད་པའི་ཁེ་ལས་ལ་ཚོང་ཟོག་ཕྱིར་འཚོང་གི་ཚོང་ལམ་ཡངས་པོར་འབྱེད་རྒྱུ་ཡིན་པ་རེད། (ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)