国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月23日

དགའ་ལྷ་མོས་བརྗོད་དོན།

མི་ཚེ་ཕྱེད་ཀ་ཀྱག་ཀྱོག་ལྡན་ཡང་། ཏང་གི་དྲིན་ལས་མདུན་སྐྱོད་ལམ་བུར་རོགས་རམ་བྱུང་།

འདི་ནི་དགའ་ལྷ་མོས་མགྲོན་པོར་ཞྭ་མོ་འདེམས་བཞིན་པ།

མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་གྱི་སྲིད་གཞུང་གི་ཉེ་འགྲམ་དུ་ཡོད་པའི་ཡར་འགྲོ་བདེ་སྐྱིད་གྲོང་གསར་དེ་ནི་ས་གནས་དེ་གའི་ཐག་ཉེ་རིང་ཀུན་ཏུ་སྐད་གྲགས་ཆེ་བའི་གྲོང་ཚོ་ཕྱུག་པོ་ཞིག་ཡིན། གྲོང་ཚོ་དེ་གས་རྒྱལ་ལམ318རྒྱུད་ཀྱི་ས་ཁོངས་ཀྱི་དགེ་མཚན་ལ་བརྟེན་ནས་ཚོང་ཁང་གླ་གཏོང་དང་། བཟའ་བཏུང་དང་དམངས་སྲོལ་གནས་ཚང་། རླངས་འཁོར་གློག་གསོག་སོགས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཆེ་རུ་བཏང་སྟེ། གྲོང་མི་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པར་སྣེ་ཁྲིད་བྱུང་ཡོད།

གྲོང་ཚོའི་ནང་གི་ཕྱི་ཕྱོགས་སུ་གླས་པའི་ཚོང་ཁང་མང་པོ་ལས་ལྷ་མོ་དབུལ་སྐྱོར་གྱོན་ཆས་ཚོང་ཁང་ནི་ཡ་མཚན་ཆེ་རྒྱུ་མེད་ཀྱང་། གྲོང་མི་དགའ་ལྷ་མོ་ཕྱུག་འགྱུར་ལམ་བུ་བསྙེགས་བྱེད་གཅིག་པུ་དེ་ཡིན།

དགའ་ལྷ་མོ་ནི་1976ལོའི་ཟླ1པར་མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་རྭ་ཉེ་གྲོང་ནས་སྐྱེས། ཁོ་མོར་སྤུན་ཟླ་མིང་སྲིང9ཡོད་པ་ལས་མོ་ནི་ཨང་བཞི་པ་རེད། འདི་ལྟ་བུའི་ཁྱིམ་ཚང་ཞིག་ཏུ་ཁྱིམ་ལས་ཙག་ཙིག་མང་ཞིང་སློབ་གྲྭར་འགྲོ་བའི་གོ་སྐབས་ཤིན་ཏུ་ཕྲ།

དགའ་ལྷ་མོས་བཤད་ན་མོ་ནི་སློབ་གྲྭ་གཏན་ནས་འགྲོ་མྱོང་མེད། ཆུང་དུས་ནས་ཞིང་ལས་དང་ཕྱུགས་རྫི་བྱས་ཏེ་ནར་སོན་པ་རེད་ཟེར། ནར་སོན་རྗེས་ཁོ་མོ་གྲོང་ཚོ་དེ་གའི་སྐྱེས་པ་ཞིག་དང་གཉེན་སྒྲིག་རྗེས་ཕྲུ་གུ་གཉིས་ཀྱི་ཨ་མར་གྱུར་ཡང་། ཁོ་མོའི་འཚོ་བར་འགྱུར་ལྡོག་བྱུང་མ་ཐུབ་པས། 2009ལོར་དགའ་ལྷ་མོ་གཉེན་འཐོར་རྗེས་ཕྲུ་གུ་གཅིག་ལྟ་རྟོག་བྱེད་རྒྱུ་བྱས་པ་རེད།2009ལོ་ནས་2017ལོའི་བར་ཕྲུ་གུ་ལྟ་སྐྱོང་བྱ་ཆེད། གང་སར་གླ་བརྒྱབ་ཀྱང་ལག་རྩལ་ལ་ཚད་ཡོད་པས་ངལ་རྩོལ་ཡོང་འབབ་གཏན་འཇགས་མ་བྱུང་བ་རེད།

2017ལོ་ནི་ཁོ་མོའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་དུས་ཤིག་རེད། སྐབས་དེར་དབུལ་སྐྱོར་གནས་སྤོ་ས་ཚིགས་སྟེ་ཐེམ་ཐོག་གྲོང་རྡལ་ཡར་འགྲོ་བདེ་སྐྱིད་གྲོང་གསར་དེ་ཐེམ་ཐོག་གྲོང་རྡལ་གྱི་ཉེ་འགྲམ་དུ་བསྐྲུན་ནས་རྒྱལ་ལམ318སྒོ་མདུན་དུ་ལྷགས་པ་རེད། གྲོང་རྡལ་ཡོངས་སུ་སྐད་གྲགས་ཆེ་བའི་དབུལ་པོའི་དུད་ཁྱིམ་ཞིག་ཡིན་པའི་ངོས་ནས། དགའ་ལྷ་མོ་སྔར་གྱི་ཐག་རིང་གི་རྭ་ཉེ་གྲོང་ཚོ་ནས་ཡར་འགྲོ་བདེ་སྐྱིད་གྲོང་གསར་དུ་གནས་སྤོ་བྱུང་བ་མ་ཟད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ75ཡོད་པའི་ཁང་པ་ཞིག་སྤྲད་པ་རེད།

དགའ་ལྷ་མོ་རྒྱལ་ལམ318རྒྱུད་ཀྱི་གྲོང་གསར་དུ་གནས་སྤོ་བྱ་རྒྱུ་བྱུང་བ་དེ་ལྷ་སར་ཡོད་པའི་ནུ་མོ་མཚོ་མོ་གཡུ་སྒྲོན་གྱིས་ཤེས་འཕྲལ་དགའ་ཐག་ཆོད་དེ། དགའ་ལྷ་མོར་ཚོང་ལས་གཉེར་ན་རང་ཉིད་ཀྱི་འཚོ་བ་འགྱུར་ལྡོག་གཏོང་དགོས་པའི་གྲོས་གཞི་བཏོན་པ་རེད།

ཡར་འགྲོ་བདེ་སྐྱིད་གྲོང་གསར“ཨུ་ལྷན་གཉིས”ཀྱིས་ཁྲོམ་ཐོག་གི་གོང་ཚད་ལས་དམའ་བའི་ཐོག་ནས་མཉམ་སྡེབ་ཚོང་ཁང་དེ་དགའ་ལྷ་མོར་བོགས་མ་སྤྲད་དེ་ལོ་ལྔ་ལ་གླ་རྒྱུའི་གན་རྒྱ་བཞག་པ་རེད། ཁོང་གི་གཅུང་མོ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་རོགས་རམ་འོག་དགའ་ལྷ་མོའི་གྱོན་ཆས་རྣམས་ཚོང་བཀྲམ་སྟེ་དགའ་ལྷ་མོའི་རོགས་སྐྱོར་གྱོན་ཆས་ཀྱི་ཚོང་ཁང་དངོས་སུ་སྒོ་ཕྱེ་ཡོད་པ་རེད།

བརྒྱ་ལ་ལས་གཏོད་ཀྱི་ལམ་ཁ་ནི་བདེ་མོ་སླ་མོ་ཞིག་མ་ཡིན་ཏེ། གྱོན་ཆས་ཚོང་ཁང་བཙུགས་མ་ཐག་པའི་དུས་སུ་དཀའ་ངལ་ཡང་མང་པོ་འཕྲད་ཡོད། དེ་ནས་ཡར་འགྲོ་བདེ་སྐྱིད་གྲོང་གསར་གྱི་ཏང་ཀྲི་པུའུ་ཡིས་དགའ་ལྷ་མོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས། ཁོ་ཚོས་དགའ་ལྷ་མོ་ནི་གྲོང་ཚོ་རིམ་པའི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིར་བསྐོས་པར་མ་ཟད། ད་དུང་སྤྱི་པའི་གསང་སྤྱོད་ཀྱི་དོ་དམ་པར་བསྐོས་པ་རེད། ཐེམ་ཐོག་གྲོང་རྡལ་རྭ་ཉེ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཀྱང་ཁོ་མོ“ནགས་སྲུང་བའི”ལས་གནས་ཐོག་བཞག་ནས་ལས་ཀའི་དུས་ཚོད་མཐུན་སྦྱོར་བྱས་ཏེ་ཁོ་མོར་ཡོང་འབབ་གསོག་པའི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་རེད།

ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དགའ་ལྷ་མོ་ནི་འཚོ་བའི་ཡོང་འབབ་གྱོན་ཆས་ཚོང་ཁང་ཁོ་ནར་བརྟེན་མི་དགོས་པར་ཡོང་སྒོ་མང་པོ་བྱུང་ཡོད། དེ་རྗེས་དགའ་ལྷ་མོའི་ཚོང་ཉིན་རེ་བཞིན་ཡག་ཏུ་ཕྱིན་ནས་ཁོང་གིས་རྒྱལ་ལམ318ཐོག་ཕར་འགྲོ་ཚུར་འོང་བྱེད་མཁན་གློག་འཁོར་རྣམས་ལ་གློག་གསོག་རྒྱུའི་དགོས་མཁོ་ཤེས་རྗེས་རང་གི་ཚོང་ཁང་མདུན་དུ་གློག་གསོག་ས་མང་དུ་བཏང་ནས་ཡོང་སྒོ་ཇེ་མང་བཟོས་པ་རེད།

དགའ་ལྷ་མོས་ཟེར་ན། གནས་མ་སྤོས་གོང་ལ་དབུལ་སྐྱོར་རོགས་རམ་དང་གནས་སྤོ་རྗེས་ལ་ལས་གཏོད་རོགས་སྐྱོར་གནང་བ་དེ་དག་ཐམས་ཅད་ཏང་དང་སྲིད་གཞུང་གི་ཐུགས་ཁུར་རོགས་རམ་ཡིན་པས། དུས་ཐོག་ཆར་པ་ལྟར་གནང་བའི་རོགས་རམ་འདི་དག་དབང་གིས་རང་ཉིད་ལ་རྒྱུན་འཁྱོངས་བྱེད་པའི་སྙིང་རུས་དང་གདེང་ཚོད་སྐྱེས་བྱུང་ཞེས་བཤད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)