འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲངས་འཛིན་ཆབ་མདོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལས་དོན་གནས་ཚུལ་སྙན་སེང་ལ་གསན་པ། འབྲེལ་ཡོད་བྱ་ཐབས་དང་བཟང་ཆར་ཞིབ་འཇུག་དང་གྲོས་ཞིབ་གནང་བ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
ཀྲོང་ཅིན་སུང་གིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་དང་། རྣམ་པ་གསར་བའི་བཟོ་ལས་ཅན་དང་བོད་ཀྱི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཏན་ཏིག་ངང་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ།
ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་པའི”ལས་དོན་དམིགས་ཚད་མངོན་འགྱུར་ཡོང་བར་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་ཤིང་། དགོས་མཁོ་སྣེ་ཁྲིད་དང་། གཙོ་གནད་ཐོད་བརྒལ། གྲིམ་ལྷོད་ཚད་མཐུན། ནུས་མཐོའི་དངོས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བར་དམ་པོར་དམིགས་པ་དང་། གྲངས་འཛིན་དཔལ་འབྱོར་གྱི་ལས་སྒོ་གསར་པ་དང་། རྣམ་པ་གསར་པ། ཐོན་ལས་གསར་པ་ཧུར་ཐག་ངང་གསོ་སྤེལ། ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་རིམ་སྤར་ལ་སྣེ་ཁྲིད་དང་སྐུལ་སྤེལ་བཏང་སྟེ། དགེ་མཚན་གསར་པ་བསྐྲུན་པ་དང་སྒུལ་ནུས་གསར་པ་གསོ་སྤེལ་བཅས་བྱེད་དགོས། ཆེད་ལས་ཤེས་ལྡན་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཤིང་། འགོ་ཁྲིད་ལས་བྱེད་པས་གྲངས་འཛིན་ཅན་གྱི་ཤེས་བྱར་ཧུར་ཐག་ངང་སློབ་སྦྱོང་བྱེད་པ་དང་། གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཀྱི་འཇོན་ནུས་ཆེ་རུ་གཏོང་དགོས་པ་མ་ཟད། དེ་དང་ཆབས་ཅིག་ཏུ་གྲངས་འཛིན་ཁྱབ་ཁོངས་ཀྱི་གསར་གཏོད་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། རིག་འཛོམས་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་དང་ནང་འདྲེན་ཤུགས་ཆེན་བྱས་ཏེ་གྲངས་འཛིན་ཆབ་མདོར་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་ཆ་ཚང་བཟོ་དགོས་ཤིང་། རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་འདོམས་བཀོད་སྒྲིག་བྱེད་པ། མཐུན་སྦྱོར་མཉམ་འགུལ་བཅས་བྱས་ཏེ། མ་ལག་ཅན་དང་གཅིག་སྡུད་ཅན་གྱི་བསམ་ཕྱོགས་ལ་བརྟེན་ནས“གསར་བརྗེའི་རྗེས་ཤུལ”དང་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་ནུས་སྐྱེད་ཀྱི་ཐོག་ནས་གྲངས་འཛིན་ཆབ་མདོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)