国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月20日

ཆབ་མདོའི་ཚད་གཞི་མཐོན་པོས་ཁག་བཅུ་བཞི་པའི་ལས་བྱེད་པ་གྲོང་སྡོད་ཀྱི་བརྗེ་རེས་ལས་དོན་ལེགས་པར་སྒྲུབ་པ།

དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་བསུ་སྡོམ་གྲོང་ཚོའི་ཁག་བཅུ་བཞི་པའི་གྲོང་སྡོད་ལས་དོན་རུ་ཁག་གིས་སྔོ་ཚལ་འདེབས་འཛུགས་དང་ཉོ་འཚོང་ལ་རྟོག་ཞིབ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལས་བྱེད་པ་གྲོང་སྡོད་ཀྱི་བརྗེ་རེས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར། གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ཏུ་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བརྩིས་པ་དང་།“ཤུགས་ཆེར་གཏོང་བ་གསུམ”མཐའ་འཁྱོངས་བྱས་ནས་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་གྲོང་ཁྱེར་ཡོངས་ཀྱི་ཁག་བཅུ་བཞི་པའི་ལས་བྱེད་པ་གྲོང་སྡོད་ཀྱི་བརྗེ་རེས་ལས་དོན་ཡོངས་སྒྲུབ་བྱས་པ་རེད། ཟླ5པའི་ཚེས11ཉིན་བར། གྲོང་ཁྱེར་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག1151དང་ལས་བྱེད་པ4892ལྷག་ཙམ་གྲོང་ཚོར་བཅའ་སྡོད་བྱས་ཡོད།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཏེ་ཚན་རིག་ལྟར་བཀོད་ཇུས་བྱས་པ། གྲོང་ཁྱེར་ཡོངས་ཀྱི་གྲོང་སྡོད་ལས་དོན་གྱི་སྤྱི་ཡོངས་ཀྱི་ཕན་ནུས་མཐོར་འདེགས་གཏོང་ཆེད། ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་ཡིས་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་རྒྱུར་མཐའ་འཁྱོངས་བྱས་ཏེ། མངགས་གཏོང་བྱེད་པའི་ལས་དོན་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་ཇུས་བཏང་ནས་མངགས་གཏོང་གི་རྣམ་པ་འཐུས་ཚང་དུ་བྱུང་ཡོད།

“བརྟན་ལྷིང་ཆེན་པོ་དང་ལེགས་སྒྲིག་ཆུང་བ”དང“གྲོང་ཚོ་རེ་ལ་ཐབས་བཀོད་རེ་དང་། གྲོང་ཚོར་གཞིགས་ཏེ་མི་འདེམས་པ། ཐོག་མར་གྲོང་ཚོ་གཏན་འཁེལ། དེ་ནས་མི་གཏན་འཁེལ་བྱེད་པའི”རྩ་དོན་ལྟར། གྲོང་སྡོད་ས་ཚིགས་ལ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་ལེགས་སྒྲིག་བྱེད་དགོས། ཐེངས་འདིར་ཁྱོན་གྲོང་སྡོད་ས་ཚིགས400ཡས་མས་ལེགས་སྒྲིག་བྱས་ཏེ་གྲོང་ཚོ་ཚང་མར་དགོས་མཁོར་གཞིགས་ཏེ་ལུགས་མཐུན་གྱི་གྲོང་སྡོད་ལས་བྱེད་པ་མངགས་གཏོང་བྱས་ཡོད།

བཟང་འདེམས་ལེགས་འདེམས་དང་། ལེགས་འདེམས་ཧྲག་འདེམས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་བརྟན་པ་དང་། དད་མོས་ཆེ་བ། འཇོན་ཐང་ལྡན་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོར་མངགས་གཏོང་བྱེད་པར་མཐོང་ཆེན་བྱས་ཡོད། ན་གཞོན་ལས་བྱེད་པ་དེ་དག་གིས་གཞི་རིམ་དུ་བློ་རྩ་བརྟན་པོ་དང་། ཉམས་སད་ཐེག་ཐུབ་པ། བྱང་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་གཞི་རིམ་ལ་ཟུངས་ཁྲག་དང་གསོན་ཤུགས་འབུལ་རྒྱུ་ཡིན་ལ། ཁོ་ཚོས་ཤེས་བྱ་གསར་པ་དང་། འདུ་ཤེས་གསར་པ། བྱ་ཐབས་གསར་པའི་ལམ་ནས་གྲོང་གསེབ་དར་རྒྱས་འགྲོ་བར་གོ་སྐབས་གསར་པ་སྤྲད་རྒྱུ་རེད།

“5+1”ལས་ཀའི་འདུ་ཤེས་བཏོན་ནས་གྲོང་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ཁག་ལྔ”དང་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་རེད། གཞི་གཅིག་ཏུ་བཀོད་སྒྲིག་དང་། གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བརྒྱུད་གྲོང་སྡོད་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དང་། གཞི་རིམ་དམ་འཛིན་དང་རྨང་གཞི་བརྟན་གཏོང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཏང་གིས་གཞི་རིམ་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས།

འགན་འཁྲི་དོན་འཁྱོལ་ཆེ་རུ་བཏང་སྟེ་ལས་ཀའི་སྦྲེལ་མཐུད་ཚད་ལྡན་དུ་བཏང་བ། རྫོང(ཆུས)ཁག་དང་རིམ་པ་ཁག་གི་མངགས་གཏོང་ཚན་པས་རང་འགུལ་གྱིས་གྲོང་སྡོད་རོགས་སྐྱོར་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཏེ། གྲོང་སྡོད་ལས་བྱེད་པའི་སེམས་ཁྲལ་སེལ་བར་ཧུར་ཐག་ངང་རོགས་རམ་བྱས་ནས་གྲོང་སྡོད་ལས་བྱེད་པའི་བསམ་བློ་བརྟན་ཞིང་སྦྲེལ་མཐུད་གོ་རིམ་ལྡན་པ་ཡོང་བར་འགན་ལེན་བྱས་ཡོད།

གྲོང་ཚོ་བཅའ་སྡོད་གོང་གི་ལུས་ཕུང་བརྟག་དཔྱད་དང་། སྙིང་གཏམ་ཁ་བརྡ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། གསར་དུ་མངགས་འདེམས་བྱས་པའི་གྲོང་སྡོད་ལས་བྱེད་པར་ཕྱོགས་ཡོངས་ནས་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད། གྲོང་ཚོ་བཅའ་སྡོད་གོང་གི་སློབ་གསོ་བཏང་བ་བརྒྱུད་ལས་བྱེད་པ་གསར་པའི་ལས་ཀའི་རྣམ་པ་འགྱུར་ལྡོག་བཏང་བ་དང་། རྟོག་ཞིབ་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཚོར་བཅའ་སྡོད་ཀྱི་སྒྲིག་ཁྲིམས་དམ་དུ་བཏང་ཡོད།

གྲོང་སྡོད་ཉམས་མྱོང་དང་། བསམ་ཕྱོགས་བྱ་ཐབས། གཙོ་གནད་ལས་འགན། དངོས་ཟོག་རིགས། གྲོན་དངུལ། ཡིག་ཚགས་སོགས་ཀྱི་སྦྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། གྲོང་སྡོད་ལས་བྱེད་རྒན་པས་རང་ཉིད་ཀྱི་ཉམས་མྱོང་དང་ཚོར་སྣང་ཚང་མ་ལྷག་ལུས་མེད་པར་ལས་བྱེད་པ་གསར་པར་བསླབ་པ་དང་། ལས་བྱེད་པ་གསར་པས་ཀྱང་ཧུར་ཐག་ངང་སློབ་སྦྱོང་བྱས་ཏེ་རྒྱལ་ཁའི་ངང་གྲོང་སྡོད་ལས་དོན་གྱི་རྒྱུག་མཐུད་དབྱུག་པ་ལེན་པར་འགན་ལེན་བྱས་ཡོད།

གཏན་འཁེལ་ལྟར་གྲོན་དངུལ་དོན་འཁྱོལ་བྱས་ཏེ་གྲོང་སྡོད་ལས་བྱེད་པར“མྱུར་སྐྱོབ་སྨན་སྒམ”བཀོད་སྒྲིག་བྱས་པ་དང་། དེ་དང་ཆབས་ཅིག་ཏུ་གྲོང་སྡོད་ས་ཚིགས་ཀི་ཁང་པ་དང་། ཆུ་གློག འཚོ་བ་སོགས་ཀྱི་བདེ་འཇགས་མངོན་མིན་རྐྱེན་ངན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་གྱིས་བདེ་འཇགས་གནད་དོན་རིགས་ཐག་གཅོད་ཐུབ་པར་རོགས་རམ་བྱུང་ཡོད།

ཁོར་ཡུག་བཟང་པོ་བསྐྲུན་ཤུགས་ཆེ་རུ་བཏང་སྟེ་ལས་སྒྲུབ་ཀྱི་སྤྲོ་སྣང་སྐུལ་སློང་བྱས་པ། གྲོང་སྡོད་ལས་བྱེད་པའི་ལས་སྒྲུབ་སྤྲོ་སྣང་ཆེ་རུ་གཏོང་ཆེད། ཆབ་མདོས་གྲོང་སྡོད་ལས་དོན་གྱི་དཔེ་མཚོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། གན་འཁྲི་འཁུར་བ་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་ཡོད། “གཙོ་གནད་ལས་འགན་ཁག་ལྔ”དང་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་མཐའ་འཁོར་དུ་དམ་པོར་དམིགས་ཏེ། ཁག་བཅུ་གསུམ་པའི་གྲོང་སྡོད་དཔེ་མཚོན་དྲིལ་བསྒྲགས་བརྙན་ཐུང་ཁག8དང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ནང་གྲོང་སྡོད་ལས་བྱེད་པས་བྱ་སྤྱོད་སྤེལ་ཅེས་པའི་གློག་བརྙན་ཐུང་གྲས1བཅས་སྒྲིག་བཟོ་བྱས་ཡོད།

གོམ་སྟབས་རྗེས་མར། གྲོང་ཨུད་རྩ་འཛུགས་པུའུ་ཡིས་ལས་བྱེད་པ་གྲོང་སྡོད་བྱེད་པའི་ལས་དོན་དེ་རྩ་སྲ་རྨང་བརྟན་དང་། དམངས་འཚོར་ལེགས་གཏོང་། མི་སེམས་གཅིག་སྒྲིལ་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། རྟོག་ཞིབ་མཛུབ་ཁྲིད་ནས་ལས་སྒོ་གསབ་སྦྱོང་། དཔེ་མཚོན་གསོ་སྐྱོང་སོགས་ཀྱི་ཐད་ལ་ཤུགས་སྣོན་རྒྱག་པ་དང་། “གཙོ་གནད་ལས་འགན་ཁག་ལྔ”དང་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། གྲོང་སྡོད་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན”པའི་ལས་དོན་དམིགས་ཚད་མངོན་འགྱུར་ཡོང་ཆེད་གྲོང་སྡོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)