འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། སྤོབས་པ་ཆེན་པོས་ལག་ལེན་འཚོལ་ཞིབ་བྱེད་པ། རྒྱུན་ཆད་མེད་པར་སྔོན་གཏོད་ལེགས་བརྩོན་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་ངང་གཏོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཀྱི་ཆབ་མདོའི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལིས་གོ་ཅན་དང་། ཆིས་ཡན་ཧའེ། རྡོ་རྗེ་དགྲ་འདུལ། དངོས་གྲུབ་ཟླ་བ། ཉི་མ་ཚེ་རིང་བཅས་ཞུགས་ཡོད།
ཀྲོང་ཅིན་སུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་ལས་དོན་དེ་གོ་གནས་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིའི་ཕྱིར་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཇི་ལྟར་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་ཐད་ཀྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་པ་དེས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་ལས་དོན་དེ་ལྗོངས་ཡོངས་ཀྱི་ལས་དོན་མཐའ་དག་ནང་བཞག་ནས་གཅིག་གྱུར་ངང་འཆར་འགོད་སྐུལ་འདེད་བཏང་བ་དེས། ང་ཚོས་སྤྱི་ཚོགས་ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་བཏོན་པ་དང་བྱ་ཐབས་བསླབ་ཡོད་ཅེས་བསྟན།
ཀྲོང་ཅིན་སུང་གིས་རིམ་པ་ཁག་དང་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཚོགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་པ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་གོང་འཕེལ་ཆེ་རུ་བཏང་ནས། 2027ལོར་སླེབས་སྐབས་ཆབ་མདོའི་སྤྱི་ཚོགས་ལས་དོན་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་པ་དང་། 2030ལོར་སླེབས་སྐབས་ལྗོངས་ཡོངས་སུ་སྣེ་ཁྲིད་དང་། དཔེ་བཟང་སྟོན་ཐུབ་པར་འགན་ལེན་བཅས་བྱས་ཏེ། སྤྱི་ཚོགས་ལས་དོན་གྱི་ཕན་འབྲས་གསར་པར་བརྟེན་ནས།“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”གྱི་གཟི་བརྗིད་དང་མཚན་སྙན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། ཏང་གི་གསར་གཏོད་རིགས་གཞུང་གིས་དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ལ་ཏན་ཏིག་ངང་སྐུལ་སྤེལ་བཏང་ནས་གསར་དར་ཁྱབ་ཁོངས་སུ་ཏང་གི་གཞི་རིམ་རྩ་འཛུགས་བབ་བསྟུན་བཀོད་སྒྲིག་དང་། རྩ་འཛུགས་ཀྱི་འཚོ་བ་རྒྱུན་མཐུད་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། ཏང་གི་འབོད་སྐུལ་བྱེད་ཤུགས་དང་གོང་བུར་འགྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།“ཏང་འཛུགས+དྲ་མིག+གཞི་གྲངས་ཆེ་མོ”བཅས་ཀྱི་བཅོས་སྐྱོང་རྣམ་པ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་ཤང་གྲོང(སྲང་ལམ)གྱི་འགན་འཁྲི་སྒྲུབ་པའི་དོན་ཚན་གྱི་ཞིབ་ཐོ་འཐུས་ཚང་དུ་གཏོང་བ་དང་། རང་སྐྱོང་ལ་བརྟེན་ནས་གསོན་ཤུགས་འཕེལ་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ། སྤྱོད་བཟང་ལ་བརྟེན་ནས་བཅོས་སྐྱོང་བྱེད་པ་བཅས་གོམས་སྲོལ་དུ་འགྱུར་བ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་ཀྱི་གྲོས་འགོ་འཚོལ་སྡུད་ནན་ཏན་བྱེད་པ། དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མང་ཚོགས་ཀྱི་རེ་བ་ལུགས་མཐུན་ངང་ཐག་གཅོད་བྱེད་པ། འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་རོགས་སྐྱོབ་ལས་དོན་གནད་ལ་འཁེལ་བ་བཅས་བྱེད་དགོས། ཏང་གིས་སྤྱི་ཚོགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ལས་དོན་གྱི་གཞི་རྩའི་སྟོབས་ཤུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཆབ་མདོའི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།