འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། དཔའ་ཤོད་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་གླུ་གཞས་འགྲན་སྡུར་སྐབས་དང་པོ་གཉེར་བ་དང་། རྫོང་ཡོངས་ཀྱི་ཤང(གྲོང་རྡལ)14ནས་ཡོང་བའི་ཞིང་འབྲོག་པ་མང་ཚོགས300ལྷག་གིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པ་དང་། གསོན་ཤུགས་དང་རེ་བས་ཁེངས་པའི་གར་སྟེགས་ཐོག་མཉམ་དུ་འཛོམས་ཏེ་གླུའི་གདངས་ལ་བརྟེན་ནས་ཏང་ལ་བཅངས་པའི་བཀའ་དྲིན་བརྒྱུད་བསྒྲགས་བྱས་ཡོད།
དབྱངས་རྟ་གཙོ་བོའི་གླུ་གཞས་འགྲན་སྡུར་ནང་། འགྲན་ཞུགས་པས《ང་དང་ངའི་མེས་རྒྱལ》《པེ་ཅིན་གསེར་གྱི་རི་ལ》སོགས་ཀྱི་གླུ་གཞས་སྙན་མོ་ངག་ལ་དྲངས་ཏེ་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་བརྩེ་བ་ཟབ་མོ་ས་གནས་ས་ཐོག་ཏུ་ཡོད་པའི་ལྟད་མོ་བ་ཚོར་བརྒྱུད་བསྒྲགས་བྱས་ཡོད།
ཕུལ་བྱུང་གི་སྲོལ་རྒྱུན་གླུ་གཞས་འགྲན་སྡུར་ནང་། འགྲན་ཞུགས་པས《སླར་ཡང་གླུ་ཞིག་བླངས་ཏེ་ཏང་ལ་འབུལ》《ཨ་མ་གཅིག་གི་བུ་མོ》སོགས་མི་རིགས་ཀྱི་གླུ་གཞས་ངག་ལ་གྱེར་ཏེ་གསར་བརྗེའི་བརྗོད་དོན་དང་བོད་མི་རིགས་ཀྱི་རིག་གནས་ཀྱི་རྨང་མཐུག་པོ་ཕན་ཚུན་མཉམ་འདྲེས་ཐུབ་པར་བྱས་ཡོད།
གདོད་མའི་གླུ་གཞས་འགྲན་སྡུར་ནང་། འགྲན་ཞུགས་པས《ལ་གླུ》《མདུན་སྐྱོད》སོགས་ས་གནས་ཀྱི་གླུ་གཞས་བླངས་ཏེ་དཔའ་ཤོད་རྫོང་གི་རི་ཆུ་ནགས་གསུམ་ལ་བསྟོད་བསྔགས་བྱས་པ་དང་། དུས་རབས་ཀྱི་འཕར་རྩ་དང་དེང་རབས་ཀྱི་རོལ་དབྱངས་ཀྱིས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཚོར་བ་གསར་པ་བསྩལ་ཡོད།
འགྲན་སྡུར་རབ་དང་རིམ་པ་བྱས་པ་བརྒྱུད། དཀྱིལ་གྲོང་ཤང་གི་འཐུས་ཚབ་རུ་ཁག་གི《པེ་ཅིན་གསེར་གྱི་རི་ལ》དང་། པད་མ་གྲོང་རྡལ་གྱི་འཐུས་ཚབ་རུ་ཁག་གི《བརྩེ་བས་ཕྱུག་པའི་ཆབ་མདོ》ཝ་ཤང་གི་གཞས་པ་ངག་དབང་དོན་གྲུབ་ཀྱི་བརྩམས་ཆོས་གསར་པ《མདུན་སྐྱོད》བཅས་ལ་བྱ་དགའ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱ་དགའ་ཐོབ་པའི་བརྩམས་ཆོས་དེ་དག་དཔའ་ཤོད་རྫོང་གི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གདམས་བྱའི་རོལ་དབྱངས་ཀྱི་མཚན་བྱང་དུ་བཞག་ནས་མཛེས་ལྗོངས་ཁུལ་དྲིལ་བསྒྲགས་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་ནང་སྤྱད་དེ་རིག་གནས་དང་ཡུལ་སྐོར་ཕན་ཚུལ་མཉམ་འདྲེས་དང་འཕེལ་རྒྱས་འགྲོ་བར་རོགས་རམ་བྱ་རྒྱུ་ཡིན་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)