国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月13日

ཆབ་མདོའི་ཡ་མ་གཟུགས་ཀྱི་བྱིས་པ་30ལ་རིན་མེད་ཐོག་གཤགས་བཅོས་བྱས་པ།

འདི་ནི་སྨན་པས་ལག་པ་ཡ་མ་གཟུགས་ཅན་གྱི་ཕྲུ་གུར་བརྟག་དཔྱད་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་རྐང་ལག་ཡ་མ་གཟུགས་ཀྱི་བྱིས་པ་30ཡིས་ས་གནས་དེ་གའི་སྨན་ཁང་དུ་པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་དང་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་ནས་ཕེབས་པའི་སྤྱི་ཕན་སྨན་བཅོས་ཚོགས་པས་སྤེལ་བའི་རྐང་ལག་ཡ་མ་གཟུགས་ཡོ་བསྲང་གི་གཤགས་བཅོས་དང་ལེན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོའི་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་སྔ་རྗེས་སུ་ཆབ་མདོ་རུ་ཕེབས་ནས་རིན་མེད་ཐོག་གཤགས་བཅོས་བྱས་པ་དང་། མིག་སྔའི་བར་རོགས་སྐྱོར་ཐོབ་པའི་བྱིས་པ་300ཟིན་ཡོད་པ་རེད།

ལོ་10ལ་སླེབས་པའི་བོད་རིགས་བུ་མོ་ཆུང་ཆུང་བསོད་ནམས་དབང་མོ་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ནས་ཡིན་པ་དང་། ཁོང་ལ་ལྷན་སྐྱེས་རང་བཞིན་གྱི་ལག་པ་ཡ་མ་གཟུགས་ཀྱི་ནད་ཕོག་ཡོད་ཅིང་། ལག་པ་གཉིས་ཀར་མཛུབ་མོ་དྲུག་རེ་ཡོད་པ་མ་ཟད།གཡས་གཡོན་ཆ་འགྲིག་ཡིན་པ་དང་།མཐེ་བོང་མེད་ལ་མཐེབ་མཛུབ་བར་གྱི་གར་ཤའང་མེད་པ་རེད།

པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་ལག་པའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཁྲེན་ཧྲན་ལིན་གྱིས། མཐེ་བོང་གིས་ལག་པའི་བྱེད་ནུས་ཀྱི་40%ལྷག་ཟིན་གྱི་ཡོད་པ་དང་། དངོས་པོ་འཛིན་བཟུང་བྱེད་པའི་ཐད་ནུས་པ་ཧ་ཅང་གལ་ཆེ་འདོན་བཞིན་ཡོད། ད་ལྟ་བསོད་ནམས་དབང་མོས་ནུས་པ་དེ་དག་འདོན་སྤེལ་བྱེད་ཐུབ་ཀྱི་མེད་པས། གཤགས་བཅོས་འདིའི་རིན་ཐང་ཧ་ཅང་ཆེ་ལ།ལེགས་འགྲུབ་བྱུང་རྗེས་འགྱུར་ལྡོག་ཆེན་པོ་འབྱུང་སྲིད་ཅེས་གསུངས།

ཟླ་5ཚེས་5ཉིན་གྱི་ཕྱི་དྲོར། བསོད་ནམས་དབང་མོས་ལག་པ་གཡས་པ་ཡ་མ་གཟུགས་ཡོ་བསྲང་བྱེད་པའི་གཤགས་བཅོས་དང་ལེན་བྱས་པ་རེད། སོས་དྲག་བྱུང་རྗེས། ཁོང་ལ་དངོས་པོ་འཛིན་བཟུང་དང་ཁུ་ཚུར་སྒོང་བ་སོགས་ལག་པའི་བྱེད་ནུས་རྒྱུན་ལྡན་སླར་གསོ་ཡོང་ཐུབ།སླད་ཕྱིན།ཁོང་གི་ལག་པ་གཡོན་པ་ལའང་གཤགས་བཅོས་བྱ་རྒྱུ་རེད། ད་ཐེངས་ཀྱི་སྤྱི་ཕན་བྱ་སྤྱོད་ནང་རྐང་ལག་ཡ་མ་གཟུགས་ཡིན་པའི་བྱིས་པ་ཁྱོན་30ལ་རིན་མེད་ཐོག་གཤགས་བཅོས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་ས་ཁུལ་ནི་ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་འབྱུང་མང་བའི་ས་ཁུལ་ཞིག་ཡིན་པ་དང་། རིགས་གཅིག་མཁས་ཅན་གྱིས་བརྟག་དཔྱད་དང་ཚོད་རྩིས་བྱས་པ་ལྟར་ན། ས་གནས་དེ་གའི་མི་འབོར་ལས་རྐང་ལག་ཡ་མ་གཟུགས་ཀྱི་ནད་འབྱུང་ཚད་ཧ་ལམ་སྟོང་ཆ་གཉིས་ཟིན་ཡོད་པ་དང་།དེའི་ནང་གི་ཁག་གཅིག་ནི་ཧ་ཅང་ཚབས་ཆེ་བའི་ཡ་མ་གཟུགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད།

2017ལོའི་ཟླ་11པ་ནས་བཟུང་། པེ་ཅིང་དང་། ཁྲུང་ཆིང་། ཅང་སུའུ། ཧྲང་ཧའེ་སོགས་ནས་ཕེབས་པའི་ཕུལ་བྱུང་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་སྔ་རྗེས་སུ་ཁག་7དུ་བགོས་ནས་ཆབ་མདོ་རུ་ཕེབས་ནས། ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་ཡིན་པའི་བྱིས་པར་སྤྱི་ཕན་རོགས་སྐྱོབ་བྱས་པ་རེད། མིག་སྔར་རོགས་སྐྱོབ་བྱས་པའི་བྱིས་པ་300ཟིན་པ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)