国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月13日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས།

གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་མ་ཐུབ་པའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཞིབ་འཇུག་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ5པའི་ཚེས7ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་ཞུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྙན་སེང་ལ་གསན་པ། གནས་བབ་ལ་དབྱེ་ཞིབ། ལས་དོན་ལ་ཞིབ་འཇུག་བཅས་བྱས་ཡོད།

ལའོ་ཆིན་འུའུ་དང་། ཀྲང་ཅན་ཧྭ། ཉི་མ་ཚེ་རིང་བཅས་ཞུགས་ཡོད།

ཀྲོང་ཅིན་སུང་གིས་ལས་ཞུགས་ནི་དམངས་འཚོ་གལ་ཆེ་ཤོས་དེ་ཡིན་པས། མི་དམངས་མང་ཚོགས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་ལ། ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་མཐོ་སློབ་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་པའི་དམིགས་ཚད་བླང་བྱར་དམ་པོར་དམིགས་ཏེ། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། ཐབས་ཤེས་གོ་ཆོད་འཚོལ་བ། ཁྱོན་ཡོངས་ལ་ཁྱབ་པ་དང་། བྱེད་ནུས་འཐུས་ཚང་བ། འགན་སྲུང་ནུས་ལྡན་ཐུབ་པའི་ཞབས་ཞུ་མ་ལག་བཙུགས་ཏེ། ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་མིག་དཔེ་སྟོན་པ་དང་སྣེ་ཁྲིད་བྱེད་པར་སྐུལ་སྤེལ་བཏང་ནས་“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”གྱི་གཟི་བརྗིད་དང་མཚན་སྙན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། ལས་ཞུགས་ལས་གནས་ཀྱི་གསར་སྤེལ་ཡག་པོ་སྒྲུབ་དགོས་ཤིང་། ལས་རིགས་དང་ཚན་པ་ཁག་གིས་རང་ངོས་ཀྱི་འགན་ནུས་དང་ཐོན་ཁུངས་ཀྱི་བསྐོས་ཐང་དང་འབྲེལ་ཏེ་སྲིད་ཇུས་ཀྱི་དྲན་སྐུལ་ནུས་པ་འདོན་སྤེལ་བྱེད་པ་དང་། ལས་རིགས་གསར་པའི་རིམ་པ་དང་ལས་ཞུགས་ཀྱི་འཕར་གཞི་གསར་པ་ཧུར་ཐག་ངང་སྔོག་འདོན་དང་གསོ་སྐྱོང་བྱས་ཏེ་ཚན་རིག་ཞིབ་འཇུག་དང་། སློབ་སྦྱོང་མཐུན་ཚོགས་འཛུགས་སྐྱོང་། རྣམ་གྲངས་འཛུགས་སྐྱོང་། ཁེ་ལས་དོ་དམ་སོགས་ཀྱི་ཐད་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་དང་འཚམ་པའི་ལས་གནས་དེ་བས་མང་པོ་གསར་སྤེལ་བྱེད་དགོས། ལས་ཞུགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གྲོང་ཁྱེར་དང་རྫོང་གིས་གཅིག་འདོམས་དང་། ལས་རིགས་ལག་རྩལ་སློབ་གྲྭས་འགན་ལེན་པ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། མི་སྤྱོད་ཁེ་ལས་ཐུན་མོང་ཐོག་ཞུགས་པ། རྒྱུན་འཁོར་ཧྲིལ་པོའི་གསབ་སྦྱོང་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་ཚང་མ་གསབ་སྦྱོང་གི་ཁྱབ་ཁོངས་ནང་འཇུག་པ་དང་། དགེ་རྒན་གྱི་ཐོབ་ཐང་ནུས་པ་ཆེ་རུ་གཏོང་བ་དང་། ཚན་རིག་ལྟར་སློབ་ཚན་བཀོད་སྒྲིག སྦྲེལ་མཐུད་ལས་གནས་གནད་འཁེལ་བ་བཅས་བྱས་ཏེ་གསབ་སྦྱོང་ནང་དོན་དང་ལས་ཞུགས་དགོས་མཁོ་གཉིས་བསམ་སྤྱོད་གཅིག་མཐུན་ཡོང་བར་འགན་ལེན་བྱེད་དགོས། ལས་ཞུགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཤིང་། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་པ་འཁོར་སྐྱོད་ལ་ཤན་ཤུགས་བཟོ་བའི་སྒྲིག་གཞི་སྒྲིག་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་འདྲ་མཉམ་གྱི་ལས་ཞུགས་ཁོར་ཡུག་ཤིག་འཛུགས་སྐྲུན་བྱས་ཏེ་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མར“གཅིག་གཏད་གཅིག”གིས་ལས་གནས་འོས་སྦྱོར་བཅས་བྱེད་ནས་སློབ་མ་ཚང་མར་རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རང་ཉིད་འཕེལ་རྒྱས་ཡོང་བའི་གོ་སྐབས་ཡོད་པ་བྱེད་པ་དང་། ལས་ཤོར་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལས་ཞུགས་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།