འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས24ཉིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱས་ཏེ་ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ལག་རྩལ་མཐོར་འདེགས་གཏོང་ཆེད། མཛོ་སྒང་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་ལག་རྩལ་གྱི་བསྐྱར་འགྲན་སྐབས་དང་པོ་གཉེར་བ་རེད། འགྲན་སྡུར་གྱི་ཡུལ་དངོས་སུ་དགའ་སྤྲོའི་རྣམ་པས་ཁེངས་བཞིན་ཡོད་ལ་ཞིང་འབྲོག་མང་ཚོགས་མང་པོ་ཞིག་ཧུར་ཐག་ངང་ཞུགས་ཏེ་སྲོལ་རྒྱུན་གྱི་ལག་རྩལ་དང་དུས་རབས་གསར་པའི་ཞིང་འབྲོག་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།
ཐེངས་འདིའི་འགྲན་སྡུར་གྱི་རྣམ་གྲངས་སྣ་ཁ་མང་ཞིང་། དེའི་ནང་ཐང་ག་དང་། རང་འཐག་བསྐོར་ནས་དྲི་ཞིམ་ལྷད་མེད་ཀྱི་རྩམ་པ་བཏག་པ། འཁེལ་ཐག བོད་སྤོས། ཤིང་བརྐོས། འོ་དྲི་འཚུབ་འཚུབ་ཀྱི་མར་འདོན་པ། བོད་ཆས་འཚེམ་བཟོ། ཇ་བསྲུབས་མ་བཟོ་བ་སོགས་སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་ལག་རྩལ་འདུས་ཡོད།
ཇ་བསྲུབས་མ་བཟོ་བའི་འགྲན་སྡུར་ཡུལ་དངོས་སུ་འགྲན་ཞུགས་པ་ཚོས་བློ་ཞིབ་མོས་ཇ་ལོ་དང་མར་སོགས་གྲ་སྒྲིག་ཡག་པོ་བྱས་ཏེ་ཁ་ལ་ཞིམ་ཞིང་མིག་ལ་མཛེས་པའི་ཇ་ཞིག་དཔྱད་འདེམས་པ་དང་ལྟད་མོ་བ་ཚོའི་མིག་མདུན་དུ་བཤམས་ཡོད། ལྟད་མོ་བ་ཚོས་ཇ་བསྲུབས་མའི་བྲོ་བ་མྱངས་ཞོར་དུ་བསྟོད་ར་བྱེད་པ་དང་།“ཇ་བསྲུབས་མ་འདི་ནི་དག་མ་རེད། འཐུང་ན་ཁ་ལ་ཞིམ་ཞིང་བྲོ་བ་ཡང་ཡག་པོ་འདུག”ཅེས་བཤད།
འཁེལ་འཐག་འགྲན་སྡུར་ཡུལ་དངོས་སུ་འགྲན་ཞུགས་པ་ཚོས་རྩིད་པ་དང་བལ་སོགས་ཀྱི་རྒྱུ་ཆ་ལ་བརྟེན་ནས་འཚོ་བའི་སྤྱོད་ཆས་བཟོ་བཞིན་ཡོད། སྨད་ཡུལ་ཤང་སྨད་ཡུལ་གྲོང་ཚོ་ཡིན་པའི་འགྲན་ཞུགས་པ་ལྷ་རྒྱལ་གྱིས་སྤོབས་པ་ཆེན་པོས“ཐེངས་འདིའི་འགྲན་སྡུར་བྱས་པ་བརྒྱུད། མི་དེ་བས་མང་པོ་ཞིག་གིས་ང་ཚོའི་འཁེལ་འཐག་ལག་རྩལ་ལ་རྒྱུས་ལོན་ཐུབ་པ་དང་ལག་རྩལ་འདི་རྒྱུད་འཛིན་ཐུབ་པའི་རེ་བ་ཡོད”ཅེས་བཤད།
རྩམ་པ་འཐག་པའི་འགྲན་སྡུར་ཡུལ་དངོས་སུ་འགྲན་ཞུགས་པ་ཚོས་ནས་འཐག་ནས་རྩམ་པ་བཟོས་ཏེ་ངལ་རྩོལ་པའི་སྟོབས་ཤུགས་དང་བློ་གྲོས་མངོན་གྱིན་ཡོད། ཝ་མདའ་གྲོང་རྡལ་རྩི་པ་གྲོང་ཚོ་ནས་ཡིན་པའི་འགྲན་ཞུགས་པ་ཚེ་རིང་ཐར་བཟང་གིས“རྩམ་པ་འཐག་རྒྱུ་དཀའ་ལས་ཆེན་པོ་ཡོད་ཀྱང་། འདི་ནི་ང་ཚོའི་འཚོ་བའི་ཁྲོད་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ང་ཚོས་སྲོལ་རྒྱུན་གྱི་ལག་རྩལ་འདི་མུ་མཐུད་རྒྱུད་འཛིན་བྱ་རྒྱུ་ཡིན”ཞེས་བཤད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)