国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月06日

གསར་བརྗེའི་ཞབས་རྗེས་བསྙེགས། ཡར་བརྩོན་ལམ་བུར་བསྐྱོད།

འདི་ནི་གཞོན་ནུ་ལོ་ཆུང་ཚོས་ཆབ་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་སློབ་གྲྭའི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དེ་རིང་ནི་ལྔ་བཞིའི་རྒྱལ་གཅེས་ལས་འགུལ་ལངས་ནས་ལོ106འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་ཡིན། གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རྒྱལ་གཅེས་དང་། ཡར་ཐོན། དམངས་གཙོ། ཚན་རིག”བཅས་ཀྱི་ལྔ་བཞིའི་སྙིང་སྟོབས་སྔར་བས་རྒྱུད་འཛིན་དང་དར་སྤེལ་གཏོང་བ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཧུར་ཐག་སྤེལ་ཆེད། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཨུད་ཀྱིས་ལས་རིགས་ཁག་གི་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ཏེ་བཅིངས་འགྲོལ་ཐང་ཆེན་དང་། ཚོད་ལྟ་སློབ་ཆུང་། མི་དམངས་སྨན་ཁང་། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་སོགས་ཀྱི་གསར་བརྗེའི་ཞབས་རྗེས་རྒྱུད་དུ་སྔོན་རབས་པའི་གཟི་འོད་འཕྲོ་བའི་བྱས་རྗེས་ལ་རྗེས་དྲན་དང་། གསར་བརྗེའི་བློ་སྤོབས་བརྟན་པོ་རྒྱུད་འཛིན། མདུན་སྐྱོད་ཀྱི་སྟོབས་ཤུགས་དང་ལེན་བཅས་བྱས་ཡོད།

སྔ་དྲོའི་ཆུ་ཚོད་བརྒྱད་པའི་ཐོག་ཆབ་མདོ་གྲོང་ཁྱེར་ལས་ཁུངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་གཞོན་ནུ་ལས་བྱེད་པ་དང་། སྤྱི་ཚོགས་ལས་དོན་པ། ནུབ་རྒྱུད་དང་བླངས་པ། ལོ་ཆུང་གདོང་ལེན་རུ་མི་བཅས་ཀྱི་འཐུས་མིས་བཅིངས་འགྲོལ་ཐང་ཆེན་གྱི་བཅིངས་འགྲོལ་དྲན་གསོ་རྡོ་རིང་མདུན་དུ་མཉམ་དུ་འཛོམས་ནས་ཐུན་མོང་ཐོག“གསར་བརྗེའི་ཞབས་རྗེས་བསྙེགས། ཡར་བརྩོན་ལམ་བུར་བསྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྐང་བགྲོད་བྱེད་སྒོ་འགོ་ཚུགས་ཡོད།

གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་རྡོ་རིང་གི་མདུན་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བ་དང་ཚང་མ་གྲལ་བསྒྲིགས་ཏེ་མྱ་ངན་ཞུས་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་དང་བཅས་ཏེ་དམ་བཅའ་བཞག་པ་རེད།

སེམས་ལ་དད་མོས་ཡོད་ན་རྐང་འོག་ལ་སྟོབས་ཤུགས་ཡོད་ངེས་རེད། དམ་བཅའ་བརྟན་པོ་དེ་ནི་རྗེས་དྲན་དང་རྒྱུད་འཛིན་ཞིག་ཡིན་ལ། མདུན་སྐྱོད་ཀྱི་བསྒྲགས་གཏམ་ཞིག་དེ་བས་ཀྱང་ཡིན།

(དཔལ་ཐར་རྒྱལ་གྱིས་བསྒྱུར)