国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月02日

དཔལ་འབར་རྫོང་གིས་བོད་བྱའི་ཐོན་ལས་འཕེལ་རྒྱས་སུ་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་འགའི་རིང་། ལྗང་མདོག་བདེ་ཐང་གི་འཛད་སྤྱོད་འདུ་ཤེས་སྐུལ་འདེད་འོག དཔལ་འབར་རྫོང་གིས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལེགས་ཆར་བརྟེན་ནས་བོད་བྱའི་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་བཏང་སྟེ། གྲོང་གསེབ་དར་སྤེལ་བྱ་བར་གསོན་ཤུགས་གསར་བ་བསྣན་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་བ་ཞིག་ཏུ་བསྐྱོད་ཡོད།

དཔལ་འབར་རྫོང་གིས་ས་བབ་སྨི3000ཡན་གྱི་རང་བྱུང་འབྲོག་རར་བརྟེན་ནས་བོད་བྱ་གསོ་སྤེལ་བྱ་བར་ཤིན་ཏུ་ལེགས་པའི་ཆ་རྐྱེན་མཁོ་འདོན་བྱས་ཡོད། ས་གནས་དེ་གའི“སྣེ་འདྲེན་ཁེ་ལས+རྟེན་གཞི+ཞིང་དུད”ཀྱི་གཞི་ཁྱོན་ཅན་གྱི་གསོ་སྤེལ་བྱེད་སྟངས་སྤྱད་དེ་བོད་བྱའི་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་ཕྱིན་པ། མིག་སྔར། རྫོང་ཡོངས་སུ་ལག་ཡོད་བོད་བྱ་ཁྲི2.4ལྷག་ཡོད་པ་དང་ཉིན་རེར་སྤུས་ལེགས་བྱ་སྒོང་ཁྲི1.4ཐོན་ནས། རྫོང་ཁོངས་ཀྱི་སློབ་གྲྭ་དང་སྲིད་གཞུང་གི་ཟ་ཁང་དུ་མཁོ་འདོན་བརྟན་པོ་ཡོང་བར་བྱས་ཏེ2024ལོར་མངག་ཐོ་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི80ལས་བརྒལ་ཡོད།

ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་སྔར་ལས་ལྷག་པའི་སྒོ་ནས་མཐོར་འདེགས་སུ་གཏོང་ཆེད། དཔལ་འབར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བོད་བྱ་ལས་སྣོན་ཞིབ་ཚགས་ཐོན་སྐྱེད་སྒྲུབ་རིམ་དངོས་སུ་ཐོན་སྐྱེད་བྱས་ནས་ཚོང་གཉེར་བྱེད་མགོ་ཚུགས་པ་རེད། ཐོན་སྐྱེད་སྒྲུབ་རིམ་དེའི་མཐོ་སྒང་བོད་བྱ་གཙོར་བྱས་ཏེ། རི་སྐྱེས་ཏང་ཀུན་དང་། ཀླུ་བདུད་རྡོ་རྗེ། འཕང་འབྲས་སོགས་ཁྱད་ལྡན་སྨན་རྫས་སྡེབ་སྦྱོར་བྱས་པའི་སྐབས་འཕྲལ་བཏུང་བྱའི་སྨན་ཐང་གསར་སྤེལ་བྱས་ཡོད། ཉིན་རེར་ཐོན་རྫས་ཤོག་སྒམ་ཁྲི2(ཤོག་སྒམ་རེར་ཁེ360ཡོད་པ)ཐོན་སྐྱེད་ཐུབ་པ་དང་། 2025ལོར་ཁྲོམ་འགྲེམ་བྱས་པ་ནས་བཟུང་། ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི30ལས་བརྒལ་ནས་ཐོན་རྫས་ཟུར་སྣོན་རིན་ཐང་མཐོར་འདེགས་སུ་གཏོང་བ་མངོན་འགྱུར་བྱུང་ཡོད།

བོད་བྱའི་ཐོན་ལས་ཕྲེང་འབྲེལ་འཛུགས་པ་དེས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་ས་གནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད། ཐོན་ལས་ཕྲེང་འབྲེལ་ཀྱིས་ལས་ཞུགས་ལས་གནས12གསར་གཏོད་བྱས་ཡོད་ལ། དེའི་ཁྲོད་གསོ་སྤེལ་རྟེན་གཞི4དང་ལྕགས་ཀྲིན་ལས་སྣོན་བཟོ་གྲྭ8ཡོད་དེ། ཞོར་ལས་བྱེད་པའི་རོང་འབྲོག་པའི་ཟླ་རེའི་འབབ་འཕར་སྒོར3500ཟིན་ནས་མང་ཚོགས་ལ་ཡོང་འབབ་ཀྱི་ཡོང་ཁུངས་བརྟན་པོ་མཁོ་འདོན་བྱས་ཡོད།

དཔལ་འབར་རྫོང་ཞིང་ལས་ཞིང་སྡེ་ཅུས་ཀྱི་འགན་འཁུར་བས་བསྟན་དོན། རྗེས་མར“མཐོ་སྒང་བོད་བྱའི”ས་ཁོངས་སྤྱི་བའི་ཟུང་རྟགས་གཙོ་བོར་སྐྱེད་སྲིང་བྱས་ཏེ་ཚད་ལྡན་ཅན་གྱི་གསོ་སྤེལ་དཔེ་སྟོན་རྟེན་གཞི་སྐྲུན་རྩིས་ཡོད་པ་མ་ཟད། ད་དུང་མུ་མཐུད་དུ་ལས་སྣོན་ཞིབ་ཚགས་ཐོན་རྫས་གསར་སྤེལ་བྱས་ནས་མང་ཚོགས་སྔར་ལས་མང་པོར་ཐོན་ལས་འཕར་ཐང་གི་ཡོང་འབབ་ལོངས་སྤྱོད་བྱེད་དུ་འཇུག་པ་དང་། བོད་བྱའི་ཐོན་ལས་དེ་གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་སྐུལ་འདེད་གཏོང་དགོས།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)